རང་ཉིད་ལ་སྤྲིངས་པའི་འཕྲིན་ཡིག
ཉིན་མས་ཟླ་བ་དེད། ཟླ་བས་ལོ་དེད། དུས་ཀྱི་མདའ་རྩེ་ནི་ཚེ་སྲོག་གི་དབྱངས་རྟ་དང་འདྲ་བར་ཚག་སྒྲ་དང་བཅས་མདུན་ནས་མདུན་དུ་རྒྱུ་བཞིན་འདུག ཁྱོད་ཉིད་མི་ལོ་ཉི་ཤུ་ཡི་རབ་ཁའི་ཕ་མཐའ་ལ་བསྲིངས་ཀྱང་། སྔར་བཞིན་སློབ་གཉེར་བ་ཞིག་གི་བརྟུལ་ཞུགས་འཛིན་བཞིན་མཆིས། ཁྱོད་ཀྱིས་ཐོག་མའི་གདམ་ག་དེ་འཛིན་དུས། ཕུགས་བསམ་གྱིས་ཁེངས་ཤིང་རེ་བ་དང་དམིགས་ཡུལ་གྱིས་བཀླུབས་པ་དེ་དག་མཛུབ་མོས་བགྲངས་ཟིན་པ་ག་ཙམ་ཡོད། ཕུགས་བསམ་དང་རེ་བ་དེ་དག་རྒྱང་དུ་བཞུད་པའི་མགྲོན་པོ་བཞིན་རིམ་གྱིས་རྒྱང་ནས་རྒྱང་དུ་བཞུད་སོང་ངམ། ཡང་ན་སྙིང་ཉེ་བའི་དྲིན་ཆེན་དག་གི་གམ་དུ་ཉེ་ནས་ཉེ་བར་བཅར་བཞིན་འདུག ད་ལྟ་ཁྱོད་ཀྱི་རུས་ལ་བསྟིམས་པའི་སྤོབས་སེམས་དག་ལོ་ཟླའི་གྲང་རེག་གིས་མ་གཙེས་པར་སྔར་བཞིན་རེ་གསོན་གྱི་མེ་ལྕེ་འབར་བཞིན་འདུག་གམ། ཡང་ན་ཕུགས་བསམ་དང་རེ་བས་མ་འོངས་མཚར་སྡུག་གི་འདུན་མ་མ་ལྕེབས་པའི་ཆེད་དུ། རང་ནུས་ཡོད་རྒུས་འབད་འབུངས་བྱེད་མྱོང་ངམ། ཁྱོད་ནས་ཡབ་ཡུམ་དང་བཤེས་གཉེན་རྣམས་ཀྱི་ཁ་ཡག་ཚིག་འཇམ་གྱི་བཀའ་སློབ་དག་དྲི་བཞོན་རླུང་ལ་མ་བསྐུར་བར། དམ་ཚིག་གཙང་སྲུང་གིས་རང་ལམ་རང་གིས་གཏོད་བཞིན་ཡོད་དམ། ཁྱོད་ཀྱིས་མི་ལུས་རིན་ཆེན་ཆུད་ཟོས་ཀྱི་གཉའ་ལ་མ་ཤོར་བར། རང་འགན་ཕྲག་སྟེང་དུ་འཁུར་ནས་བློ་སྤོབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་དམ།
ཁྱོད་ཀྱི་སྣང་ངོར་སློབ་ཆེན་གྱི་རྒྱལ་སྒོ་དེ་ལང་ཚོ་དང་རིག་པས་ཡོངས་སུ་རྒྱལ་ས་ཞིག་ཏུ་བརྩི་བཞིན་ཡོད་དམ། དྲིན་ཆེན་རྣམ་གཉིས་རྒྱབ་རི་བཞིན་བསྙེས་ནས་ཉི་མ་ཕུད་ཐབས་ཁོ་ནས་སློབ་མཐར་ཕྱིན་ན། ཁྱོད་ཀྱིས་ལན་དུ་རེ་བའི་འདུན་པ་དེ་གནམ་སའི་ཁྱོན་ནས་སྐབས་དང་དུས་ཀྱི་ཆ་ནས་ལྷུན་དུ་གྲུབ་པར་རློམ་མམ། དེ་ནི་འཕྲུལ་སྣང་འབའ་ཞིག་ཏུ་ཟད་དེ། འཚོ་བའི་འགྲོ་ལམ་ནི་རླུང་འཇགས་རླབས་འཇོམས་ཀྱི་རྒྱ་མཚོའི་ངོས་ལྟར་སྙོམས་པ་ཞིག་མ་ཡིན་པར། དཀའ་སྡུག་གིས་ཁེངས་པའི་གཡང་གཟར་ངོས་ལ་འཁྱུད་པའི་རྐང་ལམ་ཕྲ་མོ་ཞིག་ཡིན་པ་དེ་ཤེས་སམ། དྲི་བ་འདི་དང་འདི་དག་ལ་ཁྱོད་ཀྱིས་འདང་རྒྱག་མྱོང་ངམ།
བསམ་ཤེས་ན་སློབ་ཆེན་ནི་སློབ་མའི་ཚོགས་ཀྱི་རྐང་དྲུག་བུང་བ་པད་མའི་སྐྱེད་ཚལ་ལ་རོལ་བ་བཞིན་ཞིམ་མངར་སྤྱོད་ཡོན་གཉིས་ཚོགས་ཀྱི་སྦྲང་རྩི་གསོག་ས་ཞིག་དང་། ཉ་ཆུང་གསེར་མིག་གི་རྐྱལ་རྩལ་སྦྱོང་ས་ཞིག་རེད་ལ། དེ་བས་ཐང་དཀར་རྒོད་པོའི་ནམ་འཕང་གཅོད་ས་ཞིག་ཀྱང་རེད། བསམ་མ་ཤེས་ན་སློབ་ཆེན་ནི་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་ལང་ཚོ་དེ་སྒྱིད་ལུག་དང་ལེ་ལོས་བཅོམ་ཞིང་། སྙིང་ཉེ་བའི་ཕ་མ་དང་བཤེས་གཉེན། སྤུན་མཆེད། རང་ཉིད་བཅས་ཀྱི་རེ་བའི་ལྗོན་པ་དྲུངས་ནས་འབྱིན་ངེས་པས། སྐྱིད་མི་འཁྱོག་པའི་སྡུག་གཏམ་སྤངས་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་ཡང་ཡང་བྲབས་པའི་དུས་ལ་བབས་མི་འདུག་གམ།
ད་ཆ་ཁྱོད་ཀྱང་རང་གི་འཇོན་ཐང་ལ་འཁང་ར་བྱེད་ཁོམ་ཙམ་ཡང་མེད་པའི་ན་ཚོད་ལ་སླེབས་འདུག་ན། ལོ་ཟླའི་གདུག་རྩུབ་ལ་སྡང་མིག་མ་བགྲད་པར། ཁྱོད་ཀྱི་དྲན་པའི་ངོས་སུ་ཐིམ་པའི་ལོ་ཟླ་དག་ལ་དྲན་གསོ་དང་། ལག་ལེན་དབེན་པའི་གཏམ་འཆལ་དག་སྤོང་དགོས། མི་ལོ་ཉེར་དྲུག་ལ་སོན་པའི་ཁྱོད་ལ་དྲིན་ཕ་མས་དྲོད་ཁོལ་སྦྱིན་མྱོང་ལ། བཤེས་གཉེན་བཟང་པོས་བཀའ་སློབ་ཡང་གནང་མྱོང་། ཉེ་དུ་བཟང་པོས་མཐུན་རྐྱེན་བསྐྲུན་མྱོང་བ་མ་ཟད། གྲོགས་ཕོ་མོས་ཀྱང་ལྷད་མེད་ཀྱི་བརྩེ་བ་བཅངས་མྱོང་། དེ་དག་ཡོད་ཚད་ཁྱོད་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་ཁྲོད་ཆེས་རིན་བྲལ་གྱི་ལེགས་སྐྱེས་ཡིན་པས། ཁྱོད་ཀྱིས་དེ་དག་རྣ་བའི་རྒྱབ་ཀྱི་ལྷགས་པར་མ་བསྐུར་བར་ནམ་ཡང་ཡིད་ལ་བརྣགས་པའི་དུས་ལ་སླེབས།
གོང་གི་དྲི་བ་དག་ལ་ཁྱོད་ནས་འདང་ལེགས་པར་བརྒྱབ་ནས་རང་ཉིད་ཀྱི་དྲན་པའི་སྣེ་མོ་ནས་འཇུས་ཏེ། ཁྱོད་རང་མྱུར་དུ་འཚར་ལོངས་དང་རང་མགོ་རང་ཐོན་ཡོང་བར་འབད་རོགས། དྭངས་གཙང་གི་སེམས་པས་ཁྱོད་ལ་རེ་བའི་མིག་ཟུང་གཏད་ཡོད། ཁྲ་ཆུང་མིག་གིས་ཁྱོད་ལ་དྲན་སྐུལ་གྱི་ཅོང་བརྡ་སྒྲོག་བཞིན་འདུག ད་ནས་བཟུང་། ཁྱོད་ཀྱིས་བློ་གཅིག་སེམས་གཅིག་གིས་སློབ་ལ་བརྩོན་པ་གྱིས་ཤིག རང་གཞན་གཉིས་ལ་གཅེས་པར་གྱིས་ཤིག སླད་མ་འོངས་ཀྱི་ལམ་བུར་ཁྱོད་ཀྱིས་མུ་མཐུད་ཨ་ཕས་གནང་བའི་སྤོབས་སེམས་འདི་དང་། ཨ་མས་གནང་བའི་ཆོད་སེམས་དེ་རྒྱན་ཆར་བསྒོམས་ནས་མུ་མཐུད་དེ་མདུན་ནས་མདུན་དུ་སྐྱོད་རོགས། ད་དུང་། ཁྱོད་ཀྱིས་གཡོ་སླ་ཞིང་འགུལ་སྐྱེན་པའི་སེམས་ཀྱི་རྟ་ཕོའི་སྲབ་ཁ་ཡག་པོ་གཅུས་ཏེ། འགྱོད་གདུང་གི་སྨྲེ་སྔགས་སྤངས་ནས་ངར་ཤུགས་ཀྱི་དབྱངས་རྟ་སྒྲོག་དགོས། དྲན་པ་དེ་ནང་ལ་བཀུག་ནས་འདང་ཞིབ་པར་བརྒྱབ་སྟེ། དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་གི་ལང་ཚོའི་བཀྲག་མདངས་ངོམ་དགོས་སོ།