དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲོག་ཐང་གི་མཛའ་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཨོ་ཏོག་བསྟན་ཉི།   |     སྤེལ་དུས།  2024-06-30

    རྟ་ནོར་ལུག་གསུམ་འཚོ་སའི་མུ་མེད་བྱང་ཐང་ན། །

    མེ་ཏོག་ཁྲ་ཆིལ་བཞད་པའི་ལྷིང་འཇགས་རྩྭ་ཐང་ན། །

    ཆུ་མིག་དགུ་སྒྲིལ་ཁྱེར་བའི་འབྲོག་པའི་ཕོ་རྒོད་ཡོད། །

    ཐུལ་དཀར་འབྲི་མོ་འཇོ་བའི་འབྲོག་མོ་རྣལ་མ་ཡོད། །

    གཞོན་སྐྱེས་སྣང་བ་རི་ལ་ཤོར་འདྲའི་ཕོ་མོ་འགས། །

    ཕན་ཚུན་དགའ་རབས་དུང་རབས་ཐད་ཀར་མ་ལབ་པར། །

    འབྲོག་ཐང་མཛའ་གླུ་སྙན་མོའི་འགྱུར་ཁུག་དྲུག་འགྱུར་ལྷན། །

    བརྩེ་བའི་ཟུར་མིག་འཕེན་ཞོར་དུང་ཞེན་བླངས་ཐལ་ལོ། །

    མཐིང་མདོག་ཨ་སྔོན་གཡུ་འབྲུག་སྔོན་མོའི་ཕ་ས་རེད། །

    ཆུ་སྟོད་ཟླ་བ་སྨན་ཆུང་བུ་མོའི་ཞལ་རས་འདྲ། །

    སྐར་ཚོགས་ཁྲ་མོའི་དབུས་སུ་བུ་ང་ཡོད་སོང་ན། །

    ཐེ་ཚོམ་གང་ཡང་མེད་པར་ཟླ་བར་འོ་ཞིག་སྦྱོར། །

    ལྷ་ལམ་ཡངས་མོ་ཁྲི་གདུགས་ཉི་མའི་གནས་མལ་རེད། །

    བུ་མོ་ང་ནི་སྦྲ་ནག་འདབས་ནས་འཚར་ལོངས་བྱུང་། །

    ཁ་ངོ་དུང་ཟླ་ནང་བཞིན་མེད་པ་མངོན་སུམ་རེད། །

    ཐུགས་བསམ་སྐྱིད་པོ་བཞེས་འདུག་ཨ་ཇོ་ཚེ་རིང་ལགས། །

    ཁུ་བྱུག་སྔོན་མོ་དཔྱིད་རླུང་འཇམ་པོའི་སྤུན་ཟླ་རེད། །

    དྲོད་འཇམ་རླུང་བུ་དལ་བ་དལ་བུར་ལྡང་ཐེངས་རེར། །

    ཡུལ་ལུང་ཀུན་ལ་ཁྱབ་པའི་ལྷ་བསང་དྲི་མ་དག །

    ཨ་ཅེ་འབྲོག་མོའི་ལུས་ཀྱི་དྲི་བསུང་མིན་ནམ་སྙམ། །

    དགུང་སྔོན་མཐོན་པོ་ཁྲུང་ཁྲུང་དཀར་མོའི་འཕུར་ལམ་རེད། །

    ཁྲུང་ཁྲུང་དཀར་མོས་མཛེས་པའི་གཤོག་ཟུང་ངོམ་ཐེངས་རེར། །

    ལྡེམ་མྱུར་གར་གྱི་སྟངས་སྟབས་ངོམ་པའི་སྨན་ཤར་ཁྱེད། །

    ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་གཡར་བ་མིན་ནམ་སྙམ། །

    ཁྲུང་ཁྲུང་དཀར་མོ་ནམ་མཁར་གཤོག་འགྱུར་ལོས་ངོམ་སྟེ། །

    ནམ་མཁའ་མེད་ན་འཕུར་སའི་བཤུལ་ལམ་ཡོད་མ་ཡིན། །

    ཨ་ཇོ་ཁྱེད་རང་ཁྲུང་ཁྲུང་འཕུར་སར་བལྟས་བལྟས་ནས། །

    སྤྱན་གྱི་དབང་པོ་འཁྲུལ་ནས་བཟི་བ་མ་རེད་དམ། །

    ཉ་ཆུང་གསེར་མིག་ཆུ་མོའི་གཞུང་ལ་ཕྱིན་ཕྱིན་ནས། །

    ཉ་ཆུང་ཆུ་མོར་བརྩེ་བ་སླེབས་ནས་བྲལ་མི་འདོད། །

    སྨིན་ལེགས་འུ་གཉིས་བརྩེ་བ་དེ་ལྟར་ཆགས་སོང་ན། །

    ང་ནི་དགའ་སྤྲོས་གཏམས་ནས་གཉིད་ཀྱང་ཁུག་པར་དཀའ། །

    ཉ་ཆུང་གསེར་མིག་ཆུ་མོར་བརྩེ་བ་ལོས་ཡོད་དེ། །

    ཆུ་མོ་མེད་ན་ཉ་ཆུང་འཁོར་ས་ཡོད་མ་ཡིན། །

    ཨ་ཇོ་འུ་གཉིས་བརྩེ་བའི་དར་དཀར་མ་འཐེན་གོང་། །

    ཐུགས་བསམ་འདི་འདྲ་བཞེས་ན་ངོ་ཡང་མི་ཚ་འམ། །

    རྟ་ཕོས་བང་རྩལ་ངོམ་བཞིན་རི་ལུང་མང་པོ་བརྒལ། །

    ང་ནི་རྟ་ཕོར་སེམས་པ་ཤོར་ནས་ཡུན་རིང་ལུས། །

    རྟ་ཕོ་ལྟ་བུའི་བང་ཞིག་ང་ལ་ཡོད་སོང་ན། །

    མཛངས་མ་ཁྱེད་ཀྱི་འཁྲིས་སུ་སྔར་ནས་འབྱོར་ཚོད་ཡིན། །

    འཚེར་སྐད་ལྷང་ལྷང་སྒྲོག་པའི་འདོ་བ་རྟ་ཕོ་ནི། །

    བང་ཁ་ཐང་དཀར་རྒོད་པོའི་གཤོག་ཟུང་གཡར་བ་འདྲ། །

    ཨ་ཇོ་ཁྱེད་རང་འཇོན་ཐང་དེ་འདྲ་ཡོད་སོང་ན། །

    ཐང་དཀར་རྒོད་པོའི་གཤོག་ཟུང་གཡར་ནས་འཕུར་ཤོག་དང་། །

    གཡང་དཀར་ལུག་གི་བལ་ནི་སྤྲིན་པ་དཀར་པོ་འདྲ། །

    ཁ་དོག་དཀར་བ་ཁྲ་ཆུང་མིག་ནང་ལྷང་ངེར་གསལ། །

    འཇམ་པོ་བལ་ཞེས་གནའ་མི་རྒན་པོའི་ངག་ན་ཡོད། །

    ལུས་ཕྲ་མ་ཡི་གཤིས་ཀྱང་དེ་ལྟར་ཡིན་པར་སྨོན། །

    ཁ་བའི་འདབ་མ་ལྷབ་ལྷུབ་ས་ལ་ཟགས་ཐེངས་རེར། །

    ནོར་འཛིན་བུ་མོའི་ལུས་སེམས་གཉིས་ཀ་དཀར་པོར་གྱུར། །

    སྨན་ཆུང་བུ་མོ་འུ་གཉིས་མཉམ་དུ་མཐུན་སོང་ན། །

    འུ་གཉིས་སེམས་ཀྱང་ཁ་བའི་མདངས་ལ་འཁུ་ངེས་རེད། །

    ལ་ཁའི་དར་ཤིང་སྐྱ་བོ་ནང་བཞིན་ཁེར་རྐྱང་ངང་། །

    རང་འདོད་ཁོ་ནས་དུས་ཡུན་རིང་པོ་འཚོ་བསམ་ན། །

    གངས་ཆར་རླུང་སོགས་ཁྲོད་དུ་ལང་ཚོ་རྒས་འགྲོ་བས། །

    དེ་དུས་མཛེས་མ་འགྱོད་པ་སྐྱེས་ན་འཕྱི་ཡང་དྲགས། །

    སེམས་ཁྲལ་སྲ་བརྟན་བྲག་རི་འདྲ་ལེ་བརྩེགས་དགོས་མེད། །

    སྡུག་བསྔལ་མཚན་མོའི་མུན་པ་རུམ་དུ་འཇུག་དགོས་མེད། །

    དྲིན་ཆེན་ཕ་མ་ཟེར་བའི་ཉི་ཟླ་ཟུང་གཅིག་ཡོད། །

    སྐྱིད་པོ་གཡང་ཁྱིམ་གྲུ་བཞིར་དྲོད་ཀྱིས་ཁེངས་ཡོད་དོ། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།