བྱིས་བློ་རྒན་འགྱུར་གྱི་སྣང་ཚུལ་ཐོན་པའི་རྒྱུ་རྐྱེན་དང་དེ་ལེགས་བཅོས་བྱ་ཐབས་སྐོར་གླེང་བ།
སྤྱིར་བྱིས་བློ་རྒན་འགྱུར་ཞེས་པ་ནི། བྱིས་པའི་སྐད་ཆ་དང་། བྱ་སྤྱོད། ཆ་ལུགས། གཤིས་རྒྱུད། བསམ་པའི་འཁྱེར་སོ་སོགས་ན་ཚོད་དངོས་ལས་བརྒལ་ཏེ་མི་དར་མ་དང་ཆ་འདྲ་བར་ཆགས་པ་དེ་ལ་ཟེར། བྱ་སྤྱོད་འདི་དག་གིས་བྱིས་དུས་ལ་དབང་བའི་ཆེས་མཛེས་སྡུག་གི་འཚོ་བ་དེ་མེད་པར་བཟོས་ནས། ནར་སོན་ནམ་འཚར་ལོངས་ཀྱི་གོ་རིམ་མགྱོགས་སུ་གཏོང་བའི་ཉེན་ཁ་ཡོད། 1982ལོར་མཁས་དབང་(尼尔·波兹曼)ཉིར་པོ་ཙི་མན་གྱིས“བྱིས་དུས་མེད་འགྱུར་སྨྲ་བ”ཞེས་པའི་ལྟ་བ་འདོན་མྱོང་ལ། དྲ་རྒྱ་དང་བརྙན་འཕྲིན། སྨྱན་སྦྱོར་གསར་པ་དང་དྲ་ལམ་བརྙན་ཐུང་། མགྱོགས་འཕྲིན་དང་འཁྱུག་དབྱིངས་སོགས་ཆེས་ཆེར་དར་བའི་དུས་སྐབས་འདིར། ཕྱོགས་མང་པོའི་ཐད་ནས་བྱིས་བློ་རྒན་འགྱུར་གྱི་སྣང་ཚུལ་ཐོན་པས། འདིས་བྱིས་དུས་ལ་ཉམས་ཉེན་ཐེབས་པའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་པའི་སྐོར་གླེང་གི་ཡིན།
དང་པོ། བྱིས་བློ་རྒན་འགྱུར་གྱི་སྣང་ཚུལ་ཐོན་པའི་རྒྱུ་རྐྱེན།
གཅིག སྨྱན་སྦྱོར་ཁོར་ཡུག་གི་ཤུགས་རྐྱེན་ཕོག་པ།
བརྒྱུད་བསྒྲགས་བྱེད་ཐབས་སྣ་མང་ཅན་དང་མཉེན་ཆས་སྣ་ཚོགས་ཆེས་ཆེར་དར་བ་ནས། མི་རྣམས་ཀྱི་འཚོ་བ་དང་། བྱ་བ། འབྲེལ་འདྲིས་བྱེད་ཐབས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཕོག་བཞིན་ཡོད། ད་ལྟ་ལག་ཐོགས་ཁ་པར་ཡོད་པས་མི་ཚང་མ་དུས་དང་རྣམ་པ་ཀུན་ཏུ་དྲ་ལམ་དུ་ཞུགས་ཆོག་ལ། སྨྱན་སྦྱོར་སྟེགས་བུས་ཀྱང་རང་ལ་མོས་པ་ཡོད་པའི་བརྙན་གྱི་རིགས་རང་འགུལ་གྱིས་འོས་སྦྱོར་བྱེད་ཀྱི་ཡོད། རོལ་རྩེད་ཀྱི་རྣམ་པ་འབུར་དུ་ཐོན་པའི་དྲ་ལམ་བརྙན་ཐུང་ལ་བལྟ་བ་ནི་དུས་རབས་འདིའི་དར་སྲོལ་ཞིག་ཏུ་གྱུར་འདུག དེ་མིན་བརྙན་ཐུང་སྒྲིག་སྦྱོར་གྱི་མ་གནས་དམའ་བས། གསབ་ཞུགས་ཀྱི་མི་གྲངས་ཀྱང་མང་དུ་སོང་སྟེ་ཐོག་མའི་བརྙན་ལ་བལྟ་མཁན་ནས་བརྙན་སྤེལ་མཁན་གྱི་རྣམ་པར་ཆགས་འདུག ཁྱིམ་བདག་མང་པོ་ཞིག་གིས་ཀྱང་ཐོག་མར་དྲ་ལམ་ནས་རང་གི་བྱིས་པ་དང་འབྲེལ་བའི་བརྙན་ཐུང་དག་མགྱོགས་འཕྲིན་དང་འཁྱུག་དབྱིངས་སོགས་མཉེན་ཆས་ཁག་ཏུ་བསྐུར་བ་ནས། རིམ་བཞིན་བརྒྱུད་བསྐུར་མཁན་དང་ཧྥེན་སིའི་ཡིད་དབང་འགུག་ཆེད། བརྙན་ཐུང་གི་སྣ་ཁ་ཇེ་མང་གཏོང་བར་དམིགས་ནས་ནང་དོན་འཚམ་མིན་ལ་མི་ལྟ་བར། དར་མའི་སྐད་ཆ་བཤད་སྟངས་དང་། བྱ་སྤྱོད། གྱོན་པ་གྱོན་སྟངས་སོགས་ལ་ལད་ཟློས་བྱེད་པའི་བརྙན་ཐུང་ཅི་རིགས་སྤེལ་བ་ལས། བྱིས་པ་རྣམས་ཀྱང་དྲ་ལམ་བརྙན་ཐུང་གི་ཚ་རླབས་ཁྲོད་ཐོག་མར་མགོ་འཐོམ་པ་དང་རྨོངས་ཚོད་ཀྱི་རྣམ་པས་འཇུག་པ་ནས། བྱིས་པ་རང་ངོས་ནས་བརྙན་ཐུང་འཁྲབ་ཤེས་པའམ་བཟོ་ཤེས་པ་སོགས་དྲ་ལམ་བརྙན་ཐུང་གི་ཆ་ཤས་སུ་འགྱུར་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། མི་གཅིག་གིས་ཉིན་གཅིག་ལ་ཆ་སྙོམས་དྲ་ལམ་བརྙན་ཐུང་ལ་དུས་ཚོད་སྐར་མ125བཀོལ་བཞིན་ཡོད་ལ། བྱིས་པ་དང་དར་མ་དུས་ཡུན་རིང་པོར་གཅིག་མཚུངས་ཀྱི་སྨྱན་བྱད་ཁོར་ཡུག་ཁྲོད་མཉམ་ཞུགས་བྱས་པས། བྱིས་པའི་སེམས་ཁམས་ལ་མངོན་མེད་ཀྱི་ཤུགས་རྐྱེན་ཐེབས་པ་ནི་སྨྲ་མ་དགོས་སོ།
གཉིས། ཁྱིམ་བདག་གིས་རང་གི་ཁེ་ཕན་དམིགས་བྱར་བཟུང་བ།
བརྙན་ཕབ་མཁན་མི་ཉུང་བ་ཞིག་ནི་བྱིས་པའི་ཁྱིམ་བདག་ཡིན་ལ། ཁོང་ཚོ་དང་བྱིས་བློ་རྒན་འགྱུར་གྱི་སྣང་ཚུལ་ཐོན་པའི་དབར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། བརྙན་ཐུང་སྤེལ་བའི་མང་ཉུང་དང་། བརྒྱུད་སྐུར་བྱེད་ཚད། དཔྱད་བརྗོད་ཀྱི་མང་ཉུང་། ཧྥེན་སིའི་ཁ་གྲངས་སོགས་ཚད་ངེས་ཅན་ཞིག་ལ་སླེབས་ཚེ། དོ་དམ་པ་རང་ངོས་ནས་ཐད་གཏོང་གི་ལམ་ཁ་སོགས་བརྒྱུད་དེ་ཚོང་ལས་གཉེར་ཆོག་པ་མ་ཟད། ཧྥེན་སིས་བྱ་དགའི་ཚུལ་དུ་སྤྲད་པའི་དངུལ་དང་། བརྡ་ཁྱབ་སྣ་ཚོགས་སྤེལ་བ་དང་བསྟུན་ནས་ཁེ་སྤོགས་མི་ཉུང་བ་ཞིག་ཐོབ་ཐུབ། སྙན་གྲགས་དང་དཔལ་འབྱོར་གྱི་ཆེད་དུ་ཁྱིམ་བདག་འགའ་ཤས་ཀྱིས་དྲ་ལམ་ཁག་ནས་བྱིས་པར་གྱོན་ཆས་འདྲ་མིན་དང་། ན་ཚོད་དང་མི་མཐུན་པའི་སྐད་ཆ་དང་བརྡ་ཁྱབ། ད་དུང་ཧྥེན་སི་འགུག་ཆེད་གདོང་ལ་བྱུག་རྫས་དང་། ཆ་ལུགས་སྣ་ཚོགས་བཏོད་དེ་ཚད་ལས་བརྒལ་བའི་རོལ་རྩེད་ཀྱི་རྣམ་པའི་བརྙན་ཐུང་སྣ་ཚོགས་བཟོས་དང་བཟོ་མུས་སུ་མཆིས། ཁེ་ཕན་དམིགས་བྱར་འཛིན་པའི་ཁྱིམ་བདག་ཁ་ཤས་ཀྱིས་རང་ཉིད་ཀྱི་འོས་འགན་བོར་ནས་བྱིས་བློ་རྒན་འགྱུར་ཀྱི་ཚད་ཇེ་མགྱོགས་སུ་བཏང་བའི་རྣམ་པ་མངོན།
གསུམ། བྱིས་པ་རང་ངོས་ནས་མཚར་སྣང་དང་ལད་ཟློས་ལ་མཁས་པ།
བྱིས་དུས་ནི་བྱ་དངོས་ཡོད་ཚད་ལ་མཚར་སྣང་དང་ལད་ཟློས་ཀྱི་ནུས་པ་ཆེན་པོ་ཡོད་པའི་དུས་མཚམས་ཤིག་ཡིན། མཚར་སྣང་དང་ལད་ཟློས་ལ་མཁས་པ་ནི་བྱིས་པའི་རང་གཤིས་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ད་ལྟའི་དུས་སྐབས་ཀྱི་བྱིས་པ་ནི་སྔོན་མའི་དུས་སྐབས་དང་བསྡུར་ན་བསམ་ཤེས་ཀྱི་ཚད་ཡང་མཐོན་པོར་བསླེབས་ཡོད། ཕྱོགས་གང་ཅིའི་ཐད་ནས་དར་མའི་ཆ་ལུགས་ལ་ལད་ཟློས་བྱས་པ་འདྲ་ཆགས་པས་བྱིས་པའི་བརྙན་ཐུང་དག་དྲ་ལམ་ཁག་ཏུ་རྒྱུགས་ཆེ་བ་དང་། ཧྥེན་སིའི་དགའ་བསུ་ཐོབ་པའི་རྐྱེན་གཙོ་བོའང་དེ་ཡིན་པར་འདོད། ད་དུང་ཆུང་འབྲིང་སློབ་མ་དག་ལ་མཚོན་ན། ན་ཚོད་ཀྱི་ཚད་བཀག་ཕོག་པའི་དབང་གིས་མཐའ་འཁོར་ནས་འབྲེལ་འདྲིས་བྱུང་བའི་བྱ་དངོས་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་ཞན་པས། ཁྱིམ་བདག་གི་ཁ་གཏད་ཏུ་ལངས་ནས་དྲ་ལམ་དང་བརྙན་ལམ་དུ་འབུད་པ་དགའ་ཕྱོགས་གཙོ་བོར་བྱེད་པ་དང་། སློབ་སྦྱོང་ལ་གཡོལ་ཐབས་ཀྱི་རྣམ་འགྱུར་ཞིག་འཛིན་གྱི་ཡོད། དེ་བས་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་ནི་སྤྱི་ཚོགས་དང་ཕ་མར་རག་ལས་སོ།
གཉིས་པ། བྱིས་བློ་རྒན་འགྱུར་གྱི་སྣང་ཚུལ།
གཅིག གྱོན་པ་གྱོན་སྟངས།
སྤྱི་ཚོགས་ཁོར་ཡུག་གིས་སྤྱི་ཚོགས་ཀྱི་འདུ་ཤེས་ཐག་གཅོད་བྱེད་ཀྱི་ཡོད་པས། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁོར་ཡུག་ནང་ལོ་ཆུང་ཕ་མ་དག་གིས་རིག་གནས་རང་དབང་དང་གྱོན་སྟངས་རང་དབང་ལ་ཁ་གཡར་ནས། བྱིས་པར་གྱོན་པ་འདྲ་མིན་གཡོག་པའི་ཚ་རླབས་ཤིག་འཕྱུར་གྱིན་འདུག སྤྱིར་བྱིས་པའི་གྱོན་པ་ནི། ལོ་ཚད་དང་མཐུན་པ། ཁ་དོག་སྣ་ཚོགས་ཀྱིས་རྒྱན་པ། ཡང་ན་གྱོན་པའི་སྟེང་འགུལ་རིས་བརྙན་ཐུང་གི་མི་སྣ་ཡོད་པ་སོགས་ན་ཆུང་གི་སེམས་ཁམས་དང་འཚམ་པ་ཞིག་ཡིན་དགོས་པ་ལས། ད་ལྟའི་ཁྲོམ་རར་བཀྲམ་པའི་གྱོན་པ་འགའ་རེ་དང་བྱིས་པ་དྲ་གྲགས་འགའི་གྱོན་པ་བཞིན་དར་མའི་ཆ་ལུགས་ཀྱི་ཇུས་འགོད་ཡོངས་སུ་མངོན་པ་སྟེ། དཔེར་ན། ཁུང་བུ་མང་བ། ཕོ་མོའི་བརྩེ་དུང་མཚོན་པའི་རི་མོ་དང་ཡི་གེ་མང་བ། ཁ་དོག་གི་ཐད་ནས་ཀྱང་ནག་པོ་དང་སྐྱ་ཤས་གཙོ་ཆེ་བ་སོགས། གྱོན་པའི་ཐད་ནས་བྱིས་པ་དང་དར་མའི་དབྱེ་བ་འབྱེད་མི་ཐུབ་པའི་ཚུལ་མངོན་འདུག
རྒྱན་དང་རི་མོ་ཕྲ་ན་ཡག་ཟེར་སྲོལ་ཡོད་ནའང་། དྲུག་གཅིག་བྱིས་པའི་དུས་ཆེན་དུ་ཡང་བྱིས་པའི་ན་ཚོད་དང་མི་འཚམ་པའི་གྱོན་པ་དང་འདོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དྲ་ལམ་ཁག་ཏུ་ཡང་མཐོང་ཐུབ་སྟེ། དཔེར་ན། གསེར་གྱི་སྐེ་རྒྱན་དང་བཅས་རྒྱན་ཆ་སྣ་ཚོགས་འདོགས་པ་ནི་ན་ཚོད་དངོས་དང་སློབ་རའི་ཁོར་ཡུག་དང་མི་འཚམ་པ་མ་ཟད་སློབ་གྲོགས་ཕན་ཚུན་དབར་འགྲན་སེམས་དང་རིན་ཐང་ལྟ་བའི་ཐད་ནས་ཀྱང་ཤུགས་རྐྱེན་ངན་པ་ཐེབས་སྲིད།
གཉིས། སྐད་ཆ་ཤོད་སྟངས།
སྐད་ཆ་ནི་མིའི་རིགས་འབྲེལ་འདྲིས་ཀྱི་ལག་ཆ་ཡིན་ལ། ན་ཆུང་རང་ངོས་ནས་རང་དང་འཚམ་པའི་བརྡ་སྟོན་སྟངས་ཤིག་དང་བསམ་བློ་གཏོང་སྟངས་ཤིག་གིས་འཇིག་རྟེན་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁྱིམ་བདག་མང་པོ་ཞིག་གིས་རང་ཉིད་ཀྱི་བྱིས་པ་དྲ་ལམ་བརྙན་ཐུང་ནས་ལད་ཟློས་དང་འཁྲབ་སྟོན་བྱེད་དུ་བཅུག་སྟེ། ན་ཚོད་དང་མི་འཚམ་པའི་སྐད་ཆ་ཤོད་པའི་སྣང་ཚུལ་འདུག་པ། དཔེར་ན། མི་དར་མའི་སྐད་ཆ་ཤོད་སྟངས་ལ་ལད་ཟློས་བྱེད་པ། བརྩེ་དུང་དང་འབྲེལ་བའི་སྐད་ཆ་ཤོད་པ། དཔལ་འབྱོར་དང་ལང་ཚོ། མཛེས་སྡུག་སོགས་ནི་ཡོད་ཚད་ཡིན་པའི་ལྟ་བ་སྒྲོག་པ་སོགས་སྣང་ཚུལ་ངན་པས་བྱིས་པའི་རིན་ཐང་ལྟ་བ་དང་ནར་སོན་གྱི་བརྒྱུད་རིམ་ལ་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་ངེས་ཡིན།
གསུམ། བྱ་སྤྱོད་ཐད།
ཁྱིམ་བདག་གིས་རང་གི་མོས་འདུན་ལྟར་བྱིས་པར་བརྩེ་དུང་གིས་མནར་བའི་སྡུག་བསྔལ་མཚོན་པའི་གཞས་ཉན་དུ་འཇུག་པ་དང་། ལོ་ཚོད་དང་མི་འཚམ་པའི་གར་གྱི་སྟངས་སྟབས་ངོམ་དུ་འཇུག་པ་ནི་ལྷད་མེད་པ་དང་ཆེས་དྭངས་གཙང་གི་བྱིས་པའི་སེམས་ཁམས་ལ་ནག་ནོག་གི་དྲི་མས་བརྫད་པ་མ་ཟད། བྱིས་པ་དར་མའི་འཛད་སྤྱོད་ཀྱི་ཡོ་ཆས་སུ་གྱུར་གྱི་ཡོད། བུ་བཅོལ་ཁང་དང་སློབ་ཆུང་གི་དགའ་མོས་འཛིན་གྲྭ་དང་འབྲེལ་བའི་ལེ་ཚན་ཞིག་ལས། བྱིས་པ་ཆུང་ཆུང་ཞིག་གིས“བཤད་ས་བུ་མོ། ཉན་ས་མནའ་མ” “མི་ལ་མི་ཁ་མེད་ན་ཤི་ཚར། ཤིང་ལ་བསིལ་བ་མེད་ན་སྐམ་ཚར”ལ་སོགས་པ་ན་ཚོད་དང་མི་འཚམ་པའི་གཏམ་དཔེ་སྣ་ཚོགས་ཤོད་ཀྱི་ཡོད། དེ་མིན་བྱིས་གླུ་འགྲན་བསྡུར་སོགས་སུ་གཞས་ཚིག་འགའ་ཤས་བྱིས་པའི་ན་ཚོད་དང་མི་འཚམ་པའི་སྣང་ཚུལ་ཡང་མཐོང་ཐུབ། དྲ་རྒྱའི་སྟེང་གནས་སྐབས་གྲགས་ཆེ་བའི་གཞས་འགའ་ཤས་ཤིག་ལ་མཚོན་ན། ཧ་ཅང་གྲགས་ཆེ་བའི་རྐྱེན་གྱིས་བུ་བཅོལ་ཁང་སོགས་ནས་ཀྱང་དེ་ལ་སློབ་སྦྱོང་བྱེད་པ་དང་། ཞབས་བྲོ་སོགས་འཁྲབ་བཞིན་འདུག གར་གྱི་སྟངས་སྟབས་ནི་དར་མའི་ཆ་ལུགས་དང་ཡོངས་སུ་མཐུན་པ་དང་གཞས་ཚིག་གི་ནང་དོན་སོགས་ཕྱོགས་གང་ནས་བལྟས་ཀྱང་ན་ཆུང་གི་འཚར་ལོངས་དང་དང་རིན་ཐང་ལྟ་བའི་ཐད་ལ་ཕན་པ་ལས་གནོད་པ་ཆེ་བའི་སྣང་ཚུལ་མི་ཉུང་བ་ཞིག་མཆིས་སོ།
གསུམ་པ། ལེགས་བཅོས་དང་ཐག་གཅོད།
གཅིག ཁྱིམ་བདག་གི་ཕྱོགས་ནས་ལེགས་བཅོས།
ཤོད་སྲོལ་ལ་ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག་ཅེས་པ་ལྟར། ཕ་མ་ནི་བྱིས་པ་དང་འགྲོག་ཡུན་རིང་བའི་མི་དེ་ཡིན་པས་ཕ་མའི་རང་གཤིས་དང་འཇིག་རྟེན་ལྟ་བ། དེ་བཞིན་རྒྱུན་གཏན་གྱི་བྱ་བ་ཙག་ཙིག་གིས་བྱིས་པའི་ནང་སེམས་ལ་བག་ཆགས་དང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་མ་ཟད། བྱིས་པས་ཀྱང་མིག་དཔེར་བཟུང་ནས་ལད་ཟློས་བྱེད་ཀྱིན་ཡོད། ཕ་མ་ནི་བྱིས་པའི་མི་ཚེ་ཡི་སློབ་དཔོན་དང་ལམ་སྟོན་མཁན་ཐོག་མ་དེ་ཡིན་ལ། བྱིས་པའི་བྱ་སྤྱོད་ཀྱི་ལད་ཟློས་དང་མིག་དཔེ་འཇོག་ས་དེའང་ཡིན། དེའི་ཕྱིར་ཕ་མའི་སློབ་གསོ་ནི་མི་གཤིས་ཡོད་ཚད་ཀྱི་རྩ་བའོ། སྨྱན་སྦྱོར་གསར་པའི་དུས་སྐབས་འདིར་ཕ་མས་དྲ་ལམ་བརྙན་ཐུང་དང་ཟུང་འབྲེལ་བྱས་ནས། དར་མའི་བྱ་སྤྱོད་དང་སྐད་ཆ་ལ་ལད་ཟློས་བྱེད་པའི་རིགས་བཀག་འགོག་བྱས་ནས། དུས་ཚོད་ངེས་ཅན་སྤྱད་ནས་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་དང་མི་གཤིས་འཇགས་པའི་བརྒྱུད་རིམ་ཁྲོད་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པར་འབད་ནས་བུ་ཕྲུག་གི་ལུས་ཁམས་དང་སེམས་ཁམས་གཉིས་ཀ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཐབས་ཤེས་གང་ལེགས་སྤྱད་ནས་བྱིས་པའི་འགན་ཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། དེ་བཞིན་བྱིས་པའི་དགའ་ཕྱོགས་དང་བསྟུན་ནས་ཤེས་ཡོན་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱས་ན་ཕ་བཟང་གི་བུ་དང་གཡག་བཟང་གི་ཀོ་བ་འཁྲུལ་མེད་ཅིག་ཡོང་ངེས་ཡིན།
གཉིས། སྨྱན་སྦྱོར་སྟེགས་བུའི་སྤུས་ཚད་ལེགས་བཅོས།
སྨྱན་སྦྱོར་སྟེགས་བུ་ནི་ཆ་འཕྲིན་ཐོན་ཁུངས་དང་རིག་གནས་སྒྲོག་སྤེལ་གྱི་གཞི་རྟེན་གཙོ་བོ་ཡིན་པས། ཆ་ཚང་ལ་ཞིབ་ཚགས་པའི་སྒྲིག་འཛུགས་དང་དོ་དམ་བདག་གཉེར་ལམ་ལུགས་འཛུགས་དགོས། སྲུང་སྐྱོབ་བྱ་ཡུལ་གྱི་ཁྱད་པར་རང་བཞིན་ལ་དམིགས་ནས། སྨྱན་སྦྱོར་སྟེགས་བུའི་དོ་དམ་པས་སྤྱི་དམངས་ཕལ་པ་དང་ན་ཆུང་བྱིས་པ་སོགས་རིགས་དབྱེ་ནས་བྱིས་པ་དང་འབྲེལ་བའི་སྒྲིག་ཁྲིམས་ནན་པོ་བཟོས་ནས། ཚགས་དམ་པའི་འབྲེལ་ཡོད་སྒྲིག་ཁྲིམས་གཏན་འཁེལ་དང་། བྱིས་པ་དང་འབྲེལ་བའི་སྒྲིག་ཁྲིམས་ལོགས་སུ་བཀར་ནས་ལག་བསྟར། སྒྲིག་འགལ་བྱེད་སྤྱོད་ཀྱི་ཡང་ལྕི་ལ་གཞིགས་ནས་དུས་བཀག་ལྟར་སྒྱུར་བཅོས་དང་ཆད་གཅོད་ནན་པོ་བྱས་ནས་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། དཔེར་ན། བྱིས་པ་དྲ་ལམ་དུ་ཞུགས་པའི་ཡུན་ཚད་དང་། བརྙན་ཐུང་གི་ནང་དོན་ཚད་ལྡན་ཅན་དང་། བྱིས་པ་དང་མི་འཚམ་པའི་ནང་དོན་ལ་བཀག་འགོག་བྱེད་པ། ལོ་ན་ཕྲ་དུས་ནས་དར་མའི་འཇིག་རྟེན་ཁྲོད་ཞུགས་པར་བཀག་འགོག་བྱས་ནས་ན་ཆུང་བྱིས་པའི་བདེ་ཐང་འཚར་ལོངས་ལ་འཚམ་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས།
གསུམ། སྤྱི་དམངས་རང་ངོས་ནས་བྱང་ཚད་ལེགས་སུ་གཏོང་བ།
སྤྱི་དམངས་རང་ངོས་ནས་སྨྱན་སྦྱོར་སྟེགས་བུ་བཀོལ་སྤྱོད་ཀྱི་བྱང་ཚདལེགས་སུ་གཏོང་བ་ནི་བྱིས་བློ་རྒན་འགྱུར་གྱི་ཚད་གཞི་དམའ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། རང་ཉིད་ཀྱི་ཤེས་རྟོགས་ཇེ་མཐོར་བཏང་ནས་མཐའ་དཔྱོད་རིང་ལུགས་ཀྱིས་དྲ་ལམ་ནས་བརྒྱུད་སྒྲོག་བྱས་པའི་ནང་དོན་ལ་བལྟ་བ་དང་། ན་ཆུང་དང་འབྲེལ་བའི་བརྙན་ཐུང་ལ་གཟབ་ནན་གྱིས་ལྟ་སྐུལ་དང་། དོ་ཁུར། བརྒྱུད་སྐུར་བཅས་བྱེད་པ། ན་ཆུང་གི་གཟུགས་བརྙན་ལ་ཡང་དག་པའི་ལྟ་ཚུལ་འཛིན་པ། ན་ཆུང་བྱིས་པ་འཛད་སྤྱོད་ཀྱི་ཡོ་ཆས་སུ་འགྱུར་བར་བཀག་འགོག་དང་། དྭངས་གཙང་གི་བྱིས་པའི་འཇིག་རྟེན་ལ་ཚོང་ལས་ཀྱི་ཉམས་འགྱུར་དང་དར་མའི་བསམ་སྤྱོད་དང་ཁ་བྲལ་བའི་ཁོར་ཡུག་སྐྲུན་དགོས།
མདོར་བསྡུས་ན། རང་སྨྱན་སྦྱོར་དང་སྨྱན་སྦྱོར་མཉམ་འདྲེས་ཀྱིས་མི་རྣམས་ཀྱི་འཚོ་བ་སྣ་མང་ཅན་དང་། སྟབས་བདེ་ཅན་དུ་སོང་བ་དང་བསྟུན་ནས། དར་མ་དང་ན་ཆུང་བྱིས་པའི་དབར་གྱི་ཁྱད་པར་ཡང་རབ་རིབ་ཅན་ནས་མེད་པར་སྣང་སྟེ། རིམ་བཞིན་བྱིས་པ་རྣམས་དར་མའི་འཇིག་རྟེན་དུ་འཛད་སྤྱོད་ཀྱི་རྣམ་པ་དང་། བྱིས་བློ་རྒན་འགྱུར་གྱི་ཚད་ཀྱང་ཇེ་མཐོར་འགྲོ་གི་ཡོད། བྱིས་བློ་རྒན་འགྱུར་ནི་ཕ་མ་དང་། སྤྱི་ཚོགས་ཀྱིས་བསམ་གཞིག་དང་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་གོ།
(བོད་ལྗོངས་སློབ་ཆེན་གྱི་༢༠༢༢ལོའི་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མ་ཕག་མོ་བྱམས་སྐྱིད)