དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་ཚུལ་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    སྔར་སོང་གི་ལོ་ཟླའི་ནང་དུ་རྣམ་དཔྱོད་ཀྱི་སྒོ་མོ་རབ་ཏུ་ཡངས་པའི་མཁས་པའི་དབང་པོ་རྣམ་པས་བརྩམས་ཆོས་མང་པོ་བརྩམས་གནང་མཛད་ནས་ང་ཚོ་ཕྱི་རབས་པའི་གསོས་སུ་བསྩལ་གནང་ཡོད། བསྟན་བཅོས་དེ་དག་ལ་རིག་གནས་ཀྱི་རིན་ཐང་དང་། རིག་གཞུང་གི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་སོགས་མངའ་བས་སྤྱི་ཚོགས་ཁྲོད་དུ་བསྟན་བཅོས་ཁག་གཙིགས་ཆེན་དུ་འཛིན་བཞིན་ཡོད། དཔྱད་རྩོམ་འདིའི་ནང་དུ་མཁས་དབང་རྣམ་པའི་སྨྱུག་རྩེ་ལས་འཁྲུངས་པའི་བསྟན་ཁག་གི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་ཚུལ་སྐོར་རགས་ཙམ་གླེང་རྒྱུ་ཡིན། 

    གཅིག བསྟན་བཅོས་ཀྱི་མཚན་བྱང་འདོགས་ཚུལ།

    བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་འདོགས་ཚུལ་རྣམ་པ་མི་འདྲ་བ་མང་དུ་ཡོད། དེ་ལས་ལ་ལ་ནི་རྩོམ་པ་པོའི་མིང་ལྟར་མཚན་བཏགས་པ། དཔེར་ན། བརྩམས་ཆོས《བུ་སྟོན་ཆོས་འབྱུང་》དང་《སྐྱབས་སྟོན་ཁྲོ་འགྲེལ》ལྟ་བུ། ལ་ལ་ནང་དོན་གྱི་ཆ་ནས་མཚན་བཏགས་པ། དཔེར་ན། བརྩམས་ཆོས《དགའ་ལྡན་ཆོས་འབྱུང་》ལྟ་བུ། ལ་ལ་བསྟན་བཅོས་ཀྱི་བྱེད་ནུས་སྒོ་ནས་མཚན་བྱང་བཏགས་པ་ཡོད། དེ་ནི་སྤྱིར་བཏང་དུ་འགྲེལ་པ་དང་ཡང་འགྲེལ་སོགས་སུ་མཐོང་དུ་ཡོད། དཔེར་ན། 《སུམ་རྟགས་ཀྱི་འགྲེལ་པ་སི་ཏུའི་དགོངས་རྒྱན》སོགས་ལྟ་བུ། གཞན་ཡང་བསྟན་བཅོས་མཛད་པའི་ཡུལ་དང་། ལེའུ། ཤོ་ལོ་ཀ་སོགས་བསྟན་བཅོས་ཀྱི་ཆེ་ཆུང་དང་མང་ཉུང་སོགས་གཞིར་བཟུང་ནས་མཚན་བྱང་བཏགས་པ་ཡང་ཡོད། 

    བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་གྱི་གྲུབ་ལུགས་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་པ་ནི་དཔེ་དོན་སྦྱར་བའི་སྒོ་ནས་མཚན་བྱང་བཏགས་པ་སྟེ། དཔེར་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར》ལྟ་བུ། འདིར་བསྟན་བཅོས་ཀྱི་མཚན་བྱང་ལས་ལེགས་བཤད་ནི་དོན་དང་རིན་པོ་ཆེའི་མཛོད་ནི་དཔེ་ཡིན། དེས་ལེགས་བཤད་ནི་རིན་པོ་ཆེའི་མཛོད་བཞིན་ཏུ་མང་བ་མཚོན། གཞན་བོད་ཡིག་གི་བསྟན་བཅོས་ཀྱི་མཚན་བྱང་དུ་དཔེ་དོན་ལས་གཞན་ཁྱད་ཆོས་བརྗོད་པའི་མིང་དང་ཚིག་ཡང་ཡོད། དཔེར་ན་གོང་གི་བསྟན་བཅོས་ཀྱི་མཚན་བྱང་ལས་དཔྱོད་ལྡན་དགའ་བའི་ཆར་ཞེས་པ་ནི་ཁྱད་ཆོས་དེ། མཁས་པ་ལེགས་བཤད་ཀྱི་བསྟན་བཅོས་འདི་ལ་དགའ་ཞེས་པའི་ཁྱད་ཆོས་བཏོན་པ་ཡིན། བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་དུས་དཔེ་དང་། དོན། ཁྱད་ཆོས་གསུམ་ལས་དོན་ནི་ངེས་པར་དུ་ཐོན་པ་དང་། དཔེ་དང་ཁྱད་ཆོས་མ་ཐོན་ཡང་སྐྱོན་ཆེན་པོ་མེད།  

    གཉིས། བསྟན་བཅོས་ཀྱི་མཚན་རྒྱ་ཡིག་ཏུ་སྒྱུར་ཐབས། 

    བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་ཚུལ་ལ་ཐབས་གསུམ་ཡོད། དེ་ནི་ཐད་སྒྱུར་དང་། བསྡུས་སྒྱུར། འགྱུར་སྒྱུར་གསུམ་པར་སྣང་། དེ་ལས་ཐད་སྒྱུར་ནི་ བསྟན་བཅོས་ཀྱི་མཚན་བྱང་ཐུང་ལ་ཁ་གསལ་བ་དང་། དཔེ་དང་ཁྱད་ཆོས་མང་པོ་མེད་པའི་རིགས་ནི་ཐད་ཀར་སྒྱུར་ཆོག་པ་ཡིན། དཔེར་ན། 《ཐོན་མིའི་མདོ་རྫིའི་སྒྲ་མདོ》དང 《དབུས་གཙང་གནས་ཡིག》 《ཀོང་སྤྲུལ་གསན་ཡིག》 《སྙན་ངག་མེ་ལོང་》 《ལྡན་དཀར་དཀར་ཆགས》བཅས་རྒྱ་ཡིག་ཏུ་རིམ་བཞིན《吞米梵文纲要》《卫藏圣地指南书》《工珠闻法录》《诗镜子》《丹噶目录》ཞེས་ཐད་སྒྱུར་བྱས་ཆོག ཐད་སྒྱུར་ཆོག་པའི་བསྟན་བཅོས་ནི་སྤྱིར་བཏང་དུ་མི་མིང་དང་། ས་མིང་། ནང་དོན་ངེས་ཅན་སོགས་ལ་བརྟེན་ནས་མཚན་བྱང་བཏགས་པ་མང་། དེ་ནི་སྤྱིར་བཏང་དུ་ཚིགས་རྒྱན་སོགས་ཀྱིས་མ་བཅིངས་པའམ་བཅིངས་པ་ཉུང་བ་དང་། ཁྱད་ཆོས་བརྗོད་པའི་མིང་དང་ཚིག་སོགས་མེད་པའམ་ཉུང་བ་ཡིན་  པས་ཐད་གར་ཡིག་ངོས་ཇི་བཞིན་རྒྱ་ཡིག་ཏུ་སྒྱུར་བས་ཆོག 

    བསྡུས་སྒྱུར་ཞེས་པ་ནི་བསྟན་བཅོས་ཀྱི་མཚན་བྱང་ཧ་ཅང་རྙོག་འཛིང་ཡིན་ཏེ། དོན་ལས་གཞན་དཔེ་དང་ཁྱད་ཆོས་ཀྱང་མང་དུ་ཡོད་དུས་བཀོལ་བ་ཡིན། དེ་ལ་དཔེ་དང་ཁྱད་ཆོས་བསྡུས་ན་དོན་དང་ཡང་མི་འགལ་ལ་བརྗོད་ཀྱང་བདེ་བ་ཡོད་པས། བསྡུས་སྒྱུར་ནི་མཚན་བྱང་བསྡུས་ནས་སྒྱུར་བའི་རིགས་ལ་ཟེར། དཔེར་ན།《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》དང་། 《དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན》 《སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར》ཞེས་པ་གསུམ་རྒྱུན་དུ《དེབ་དཀར》དང་། 《དབྱིངས་རིག་མཛོད》 《སྡེ་སྣོད་མཛོད》ཅེས་བསྡུས་ཆོག དེ་དག་རྒྱ་ཡིག་ཏུ་བསྡུས་མིང་སྒྱུར་བས་ཆོག དཔེར་ན། རིམ་བཞིན་ཏུ《白史》《慧明宝库》《法藏宝库》ཞེས་པའོ། །

    འགྱུར་སྒྱུར་ཞེས་པ་ནི་བསྟན་བཅོས་ཀྱི་མཚན་བྱང་དང་ནང་དོན་གཉིས་ཕན་  ཚུན་མི་མཐུན་ཚེ། བསྟན་བཅོས་ཀྱི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་དུས་འགྱུར་ལྡོག་གཏང་དགོས། བསྟན་བཅོས་འདི་རིགས་ཀྱི་མཚན་བྱང་ཁྲོད་དཔེ་དང་ཁྱད་ཆོས་ལ་རྩ་བ་ནས་དང་དོད་བྱེད་མི་རུང་པ་དང་། དེ་དག་མེད་པ་ལྟར་དུ་འགྱུར་ལྡོག་གཏང་དགོས། དཔེར་ན། 《ཅོ་ནེ་བསྟན་འགྱུར་དཀར་ཆག》ནི་བལྟས་ཚོད་ལ་ཅོ་ནེའི་དཔར་ཁང་གི་བསྟན་འགྱུར་གྱི་དཀར་ཆག་ཡིན་པས《卓尼丹珠尔目录》ཞེས་སྒྱུར་ཆོག ཡིན་ཡང་། དོན་དངོས་སུ《ཅོ་ནེ་བསྟན་འགྱུར་དཀར་ཆག》ཏུ་བོད་དུ་དམ་པའི་ཆོས་ཀྱི་བྱུང་བའི་ལོ་རྒྱུས་ལས་བསྟན་འགྱུར་གྱི་དཀར་ཆག་བཀོད་མེད། དེ་བས་སྐུ་ཞབས་དབྱང་ཧྲི་ཧུང (杨世宏)གིས《西藏佛教史》ཞེས་འགྱུར་ལྡོག་བཏང་ནས་བསྒྱུར་ཡོད། ཡང་དཔེར་ན། གོང་དུ་བཀོད་པའི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར》ཞེས་པ་ནི་བལྟས་ཚོད་ལ་ལེགས་བཤད་ཀྱི་བསྟན་བཅོས་ཡིན་པར་འདོད་མོད། དོན་དམ་དུ་དེ་ནི་བོན་གྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་བསྟན་འབྱུང་ཡིན་པས། མཁས་པ་རྣམ་པས《苯教史记》དང་། ཡང་ན《苯教源流史》ཞེས་སྒྱུར་པ་ནི་དོན་ལ་གནས་སོ། 

    གསུམ། མཇུག་སྡོམ། 

    གོང་དུ་བཤད་པའི་བོད་ཡིག་བསྟན་བཅོས་ཀྱི་མཚན་བྱང་རྒྱ་ཡིག་ཏུ་སྒྱུར་ཐབས་གསུམ་ནི་ངེས་པར་དུ་བསྟན་བཅོས་ཀྱི་མཚན་བྱང་གྱི་ཁྱད་ཆོས་ལ་གཞིགས་ཏེ་ལག་ལེན་གྱི་ཁྲོད་སྤྱོད་དགོས། བསྟན་བཅོས་ཀྱི་མཚན་བྱང་མི་འདྲ་བར་སྒྱུར་བའི་ཐབས་མི་འདྲ་བ་བཀོལ་ཆོག དེ་ནི་སྤྱིར་བཏང་དུ་མཚན་བྱང་གྱི་འདོགས་ཚུལ་ལ་གཞིགས་དགོས་སོ། 

    (བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ཚེ་རིང་གཡང་མཚོ)


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།