སྙན་ཚིག་ཀུ་མུད་རང་མདངས།
སྣང་སྟོང་ཚིག་གི་ཆར་པ་མཁའ་དབྱིངས་ནས་བབས་ཤིང་། །
ངག་རིག་གསེར་གྱི་སྦྲམ་བུ་ས་གཞི་ནས་སྨིན་དུས། །
ཡངས་པའི་རྒྱལ་ཁམས་བསྐོར་བའི་སྣང་བརྙན་གྱི་ཟློས་གར། །
དྲན་པའི་ཡུད་ཙམ་ཉིད་ནས་ཡི་གེ་རུ་ཕབ་འདོད། །
དབྱངས་ལྡན་སྒྱུ་མའི་མགྲིན་བཟང་དགུང་སྔོན་ནས་གྲགས་ཤིང་། །
སྙན་ལྡན་གདངས་ཀྱི་འགྱུར་ཁུག་ཁྲོམ་ཆེན་དུ་ལེན་དུས། །
ཉམས་ལྡན་སྟོང་གིས་སྤྲས་པའི་འཇོ་སྒེག་གི་སྟངས་སྟབས། །
དོན་ལྡན་ཚིག་གི་ཟིལ་པ་ཁྱེད་ཕྱག་ཏུ་འབུལ་འདོད། །
བདེན་གྲུབ་གཤིས་ཀྱི་མེ་དཔུང་རི་རྩེ་ནས་འབར་ཞིང་། །
ལྷན་སྐྱེས་འཛུམ་པའི་ཀུ་མུད་གཙང་འགྲམ་ནས་བཞད་དུས། །
ངག་གི་སྨྱུག་རྩེ་དྭངས་མ་ཁྱེད་ཅག་ལ་འབུལ་ཞིང་། །
ཚོར་བའི་བདེན་ཞེན་སྣུམ་པོ་ཁྱེད་ཅག་ལ་སྤྲིངས་འདོད། །
འཆར་ཡན་བསམ་གཞིག་རི་མོ་ཤོག་ངོས་སུ་ཕབ་ཅིང་། །
བདེན་ཚིག་རིག་པའི་རལ་གྲི་མཁའ་དབྱིངས་སུ་འཕྱར་དུས། །
སྒྱུ་འཕྲུལ་ཚོར་འདུ་འོད་ཀྱི་གཉུག་གཤིས་ཀྱི་མ་མ། །
ཐ་སྙད་ཚིག་གི་སྐྱེམས་ཆང་ཁྱེད་ཉིད་ལ་འབུལ་འདོད། །
དྭངས་གཙང་སེམས་ཀྱི་རྟ་ཕོ་རྩྭ་ཐང་དུ་ཆས་ཤིང་། །
བརྩེ་བའི་ཟུར་མིག་སྐར་ཆེན་ནམ་མཁའ་རུ་རྒྱུ་དུས། །
ན་ནིང་སད་ཀྱིས་བཅོམ་པའི་ཨུ་དུམ་གྱི་ཝ་ར། །
ད་ལོའི་དཔྱིད་དཔལ་ཚེས་དུས་བཞད་ན་རང་བསམ་བྱུང་། །
མཛེས་ལྡན་སྒེག་པའི་གྲོགས་ལ་གྱེས་ཕྱག་ཅིག་ཕུལ་ཞིང་། །
ཚིག་སྦྱོར་སྙན་པའི་དོན་ལ་ཆག་གྲུམ་ཞིག་ཤོར་དུས། །
སེམས་ཀྱིས་གཉོར་བའི་ལོ་མ་ལྷགས་རླུང་གིས་བཅོམ་སྟེ། །
རེ་ཞིག་སྒུག་པའི་ཡིག་ལན་ད་རུང་ནི་མ་འབྱོར། །
ངལ་བ་སེམས་ཀྱིས་གསོས་ཏེ་རི་སྒང་དུ་ཉུལ་ཞིང་། །
མནར་བར་བཟོད་བསྲན་བགྱིས་ཏེ་གཙང་འགྲམ་དུ་སྡོད་དུས། །
ཡིད་ཀྱི་ཟབ་སར་མཆིས་པའི་ངག་རིག་གི་དགའ་མ། །
སྣང་བའི་འཇའ་ཚོན་འོད་ལས་ལྷག་པ་ཞིག་ཡིན་འདུག །
མཛའ་མཐུན་དྭངས་གཙང་ཆུ་བོ་གངས་སྟོད་ནས་བཞུར་ཞིང་། །
སྙིང་སྟོབས་རླབས་ཀྱི་རྦ་ཀློང་རབ་ཁ་ནས་འཕྱུར་དུས། །
མདུན་ལྗོངས་འོད་ཀྱི་ལམ་བུར་ཕུགས་བསམ་ཞིག་བཙལ་ཞིང་། །
མི་ལུས་རིན་ཆེན་འདི་ལ་ཟས་རིན་ཞིག་སྤྲོད་འདོད། །
ཁ་སང་གླེང་བའི་གཏམ་རྒྱུད་རུམ་ཁ་རུ་བཅུག་སྟེ། །
དེ་རིང་བརྗོད་པའི་ཚིག་ཕྲེང་སྤྲིན་དཀར་དང་བསྡེབས་དུས། །
སང་ཉིན་ཞོགས་པའི་སྐྱ་རེངས་འཛུམ་པ་དང་མཉམ་དུ། །
རེ་བའི་ཁ་གཡང་ཐོག་མ་ཁྱེད་ཉིད་ལ་སྒྲོན་འདོད། །
ངག་རིག་ས་བོན་སྨིན་པའི་ལྗོན་ཤིང་གི་རྩེ་རུ། །
བརྩེ་བའི་འདབ་ལོ་རྒྱས་པའི་མེ་ཏོག་གི་ཟིལ་བར། །
དུང་བའི་ཚོར་བ་འགུལ་བའི་སྙན་དབྱངས་ཤིག་ལེན་དུས། །
ནམ་མཁའི་སྐར་མ་ཡིན་ཡང་ང་ཕྱོགས་སུ་གཟིགས་བྱུང་། །