དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • བོད་ཀྱི་བྱིས་པའི་ཟློས་གར《དམིགས་བསལ་སྦྱོང་ཚན》ལས་ཀུན་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-22

    ཟློས་གར《དམིགས་བསལ་སྦྱོང་ཚན》གྱི་གསར་རྩོམ་པ་དང་འཁྲབ་སྟོན་པའི་མཉམ་པར།

    པར་འདི་དག་ནི་ཟློས་གར《དམིགས་བསལ་སྦྱོང་ཚན》ནང་སྦྱོང་བྱེད་སྐབས་ཀྱི་པར་ཡིན་པ།

    གླེང་གཞི།

    དངོས་མཚོན་བྱིས་པའི་ཟློས་གར《དམིགས་བསལ་སྦྱོང་ཚན》ཞེས་པ་2012ལོར་འཁྲབ་སྟོན་ཐེངས་དང་པོ་བྱས་ཤིང་། དེ་ནི་ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་འཁྲབ་རྒྱུན་ཟློས་གར་རྩེ་གྲ་ཞིག་རེད། ཟློས་གར་དེས་གར་སྟེགས་ཟློས་གར་གྱི་རྣམ་པའི་ཐོག་ནས་མི་སེམས་འགུལ་བའི་གཟུགས་བརྙན་རེ་རེ་བརྒྱུད། དམའ་རིམ་སློབ་འབྲིང་ཞིག་གི་སློབ་མ་ལྔ་ཡིས“དམིགས་བསལ་ཁྱིམ་སྦྱོང་། པཱ་ལགས་དང་ཨ་མ་ལགས་ཀྱི་ཞབས་ཐེངས་གཅིག་བསིལ་བའི”རྣམ་པ་ཞིབ་པར་བརྗོད་ཡོད།

    《དམིགས་བསལ་སྦྱོང་ཚན》འཁྲབ་སྟོན་ཐོག་མར་བྱས་པ་ནས་ད་བར་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་ཤིང་། ལྷག་པར་དུ་ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་ཟློས་གར་དེ་སྤྱི་ཕན་རྣམ་གྲངས་སུ་བརྩིས་ནས་རྒྱལ་ཡོངས་ཀྱི་ཐག་རིང་ལུང་ཁུག་ཏུ་འཁྲབ་སྟོན་བྱས་ཡོད་པས། ཀུན་གྱིས་དགའ་པོ་བྱེད་པའི་རང་རྒྱལ་གྱི་བྱིས་པའི་ཟློས་གར་གྱི་ཚད་གཞི་དང་ཟློས་གར་རྩེ་གྲ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་རང་རྒྱལ་གྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བྱིས་པའི་ཟློས་གར་བརྩམས་ཆོས་ཀྱི་གྲས་ཤིག་ཀྱང་རེད།

    དེ་ནི་གསོན་ཉམས་ལྡན་ལ་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སློབ་རའི་བྱིས་པའི་ཟློས་གར་ཞིག་རེད། སྐོར་སྐྱོད་འཁྲབ་སྟོན་བྱེད་རིམ་བཞིན་ཕ་མར་སྲི་ཞུ་ཧུར་ཐག་སྒྲུབ་པའི་བསམ་པ་དང་ཀུན་སྤྱོད་བཟང་པོ་བརྒྱུད་སྤྲོད་དང་རྒྱུན་འཛིན་བྱེད་པ་མ་ཟད། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་མཁས་ཅན་ཚོས་ཀྱང་ལྷག་བསམ་དག་པོས་ལེགས་སྐྱེས་ཕུལ་རིང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ཞི་མཐུན་དང་། མཛའ་བརྩེ། གཉེན་ཉེའི་བརྩེ་སེམས་བཅས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་གི་ཡོད།

    རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་དང་ཁྱིམ་བདག་བགྲང་ལས་འདས་པར་སེམས་འགུལ་ཐེབས་པའི《དམིགས་བསལ་སྦྱོང་ཚན》ཞེས་པ་འདི་རང་ལྗོངས་ཀྱི་རྩ་སྤོས་གསར་རྩོམ་གྱི་བྱིས་པའི་ཟློས་གར་ཐོག་མར་བརྩིས་ནས་གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་པ་ཚོས་བརྩེ་སེམས་ཟབ་མོས་འཁྲབ་སྟོན་བྱས་ཡོད། དེ་རྩ་སྤོས་གསར་རྩོམ་ལེགས་གྲུབ་བྱུང་བ་ལས་བོད་ཀྱི་བྱིས་པའི་ཟློས་གར་གྱི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པ་མ་ཟད། བོད་ཀྱི་བྱིས་པའི་ཟློས་གར་གྱི་འགོ་འཛུགས་ས་གསར་པ་ཞིག་དེ་བས་ཀྱང་རེད།

    རྒན་གཞོན་ལག་གདང་སྦྲེལ་བའི་དྲིན་ཚོར་གྱི་སློབ་གསོར་བསམ་བློ་གཏོང་རིན་ཆེན་པོ་ཡོད་པ།

    ལོ་བཅུ་ལྷག་ཙམ་རིང་། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་བཏོད་པའི་དངོས་མཚོན་བྱིས་པའི་ཟློས་གར《དམིགས་བསལ་སྦྱོང་ཚན》ལེགས་གྲུབ་བྱུང་དོན་ནི། དར་མའམ་ཡང་ན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་གང་ཞིག་ཡིན་རུང་། 《དམིགས་བསལ་སྦྱོང་ཚན》ལྟ་མྱོང་བའི་ལྟད་མོ་བ་ཀུན་གྱིས་སྲི་ཞུ་དང་དྲིན་ཚོར་སྐོར་གྱི་གནད་དོན་ལ་བསམ་བློ་ཟབ་མོ་གཏོང་སྲིད།

    2022ལོའི་ཟླ་11ཚེས་10ཉིན། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོཌ་པས་རྩ་སྤོས་འཁྲབ་གཞུང《དམིགས་བསལ་སྦྱོང་ཚན》སྒྱུ་རྩལ་གསར་རྩོམ་གྱི་སྐུལ་སྤེལ་ཚོགས་འདུ་དང་འཁྲབ་གཞུང་ལྟ་ཀློག་གི་བརྙན་ལམ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དེ་ཐོག་ནས《དམིགས་བསལ་སྦྱོང་ཚན》གྱི་རྩ་སྤོས་གསར་རྩོམ་ལས་དོན་དངོས་སུ་སྒྲུབ་འགོ་ཚུགས་པ་མཚོན་ཡོད།

    2022ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས《དམིགས་བསལ་སྦྱོང་ཚན》བོད་ཀྱི་བྱིས་པའི་ཟློས་གར་དང་པོ་ཡིན་པའི་ཆ་ནས་ནང་འདྲེན་བྱས་པ་དང་འབྲེལ། ཟློས་གར་དེའི་རྣམ་གྲངས་འགོ་འཛུགས་དང་གསར་རྩོམ་འཁྲབ་སྦྱོང་སོགས་ཀྱི་དུས་འགོའི་ལས་དོན་སྒྲུབ་འགོ་ཚུགས་ཤིང་། ཟློས་གར་ཚོགས་ཆུང་བཙུགས་པ་ནས་གྲུབ་པའི་དུས་མཚམས་རང་བཞིན་བར་གྱི་འཁྲབ་སྦྱོང་དུས་ཡུན་ཟླ་བ་གསུམ་ཡིན་པ་རེད།

    “བོད་ཀྱི་བྱིས་པའི་ཟློས་གར་གྱི་ལོ་རྒྱུས་སྟོང་ཆ་བསྐངས་པ་མ་ཟད། བོད་ཀྱི་སྒྱུ་རྩལ་མཚོན་སྟངས་ལ་དངོས་ཡོད་ཀྱི་དོན་སྙིང་མང་པོ་བསྣན་ཡོད”ཅེས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཚོགས་གཙོ་ཕུར་བུ་ཚེ་རིང་གིས་བརྗོད།

    དེ་གོང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས《དམིགས་བསལ་སྦྱོང་ཚན》གྱི་འཁྲབ་བྱའི་མི་སྣ་ཚང་མ་གློག་རྡུལ་འཁྲབ་གཞུང་བཀླགས་རྗེས་གཞི་ནས་མིང་ཐོ་བཀོད་དེ་བདམས་པ་རེད།

    “མི་ཚང་མས་རང་ཉིད་ཀྱི་དགའ་མོས་བཞིན་སོ་སོའི་བློ་ལ་འབབ་པའི་འཁྲབ་བྱའི་མི་སྣ་འཁྲབ་པར་འགྲན་སློང་དང་འགྲན་རྩོད་བྱེད་ཆོག” ཟློས་གར་འདིའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ་ཨན་ཆའོ་ཆའོ་ཡི་ཨ་མ་འཁྲབ་མཁན་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བསླབ་པ་རྒན་གྲས་འཛོམས་སྐྱིད་ཀྱིས་ཟློས་གར《དམིགས་བསལ་སྦྱོང་ཚན》ནང་བུད་མེད་དར་མའི་འཁྲབ་བྱའི་མི་སྣ་ཉུང་བ་དང་། གློག་རྡུལ་འཁྲབ་གཞུང་ཞིབ་ཚགས་བཀླགས་རྗེས་ང་རང་ཨན་ཆའོ་ཆའོ་ཡི་ཨ་མ་འཁྲབ་མཁན་ལ་མོས་པ་བྱུང་ནས་མི་སྣ་འདི་འཁྲབ་འདོད་བྱུང་ཞེས་གསར་འགོད་པར་བཤད།

    འཛོམས་སྐྱིད་ཀྱིས“ངའི་ངོས་ནས་བརྗོད་ན། བྱིས་པའི་ཟློས་གར་གྱི་ལྟད་མོ་བ་ནི་ལོ་ཆུང་བྱིས་པ་ཁོ་ན་ཙམ་མ་ཡིན་པར་རྒྱ་ཆེའི་ལྟད་མོ་བ་དར་མ་ལ་ཡང་དངོས་ཡོད་ཀྱི་དོན་སྙིང་ངེས་ཅན་ལྡན་ཡོད། ལྷག་པར་དུ། ཟློས་གར་འདི་ནི་བོད་ཀྱི་བྱིས་པའི་ཟློས་གར་དང་པོ་ཡིན་པས། ང་ཚོའི་འཁྲབ་སྟོན་ལས་བོད་ཀྱི་བྱིས་པའི་ཟློས་གར་འཕེལ་རྒྱས་ལ་རྨང་གཞི་འདིང་ཐུབ་པའི་རེ་བ་ཡོད། ཟློས་གར་འདི་དག་ལ་བརྟེན་ནས་དྲིན་ཚོར་སློབ་གསོའི་བསམ་པའི་ཞུན་བརྡར་ལས་ལོ་ཆུང་བྱིས་པ་དེ་བས་མང་བར་གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་ལ་བག་ཆགས་ཡོང་བ་དང་། འབྱུང་འགྱུར་གྱི་ལས་རིགས་གདམ་ག་བྱེད་པར་མནོ་བསམ་དང་ཕན་ཐོགས་དེ་བས་ཆེ་བ་ཡོང་བའི་རེ་བ་ཡོད”ཅེས་བརྗོད།

    འགྲན་རྩོད་བྱས་མཐར་འཁྲབ་སྟོན་པ་གཙོ་བོ་11གཏན་འཁེལ་བྱས་པའི་ནང་གི་སློབ་མ་འཁྲབ་མཁན་འཁྲབ་སྟོན་པ་5པོ་ནི་ཧྲང་ཧའེ་ཟློས་གར་སློབ་གླིང་གི་2017ལོའི་འཁྲབ་སྟོན་ཚན་ཁག་གི་བོད་ལྗོངས་འཛིན་གྲྭ་ནས་ཡིན་པ་རེད།

    ཁོང་ཚོས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས《ཧཱ་མུའུ་ལེ་ཐེ》འཁྲབ་མྱོང་ཞིང་། འཛམ་གླིང་གི་འཁྲབ་གཞུང་གྲགས་ཅན་དེས་ཁོང་ཚོ་བྱང་ཆ་དེ་ཙམ་མེད་པ་ནས་འཁྲབ་རྩལ་བྱང་ཆུབ་པར་གྱུར་པའི་བར་གྱི་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཚུལ་ལ་དཔང་པོ་བྱས་ཡོད་ལ། ཁོང་ཚོ་སློབ་མའི་དུས་ནས་ཆེད་ལས་འཁྲབ་སྟོན་པར་གྱུར་པའི་བར་གྱི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཡང་དཔང་པོ་བྱས་ཡོད།

    བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་མཁའ་འགྲོས་ཟློས་གར《དམིགས་བསལ་སྦྱོང་ཚན》ནང་བསྟན་པའི་བྱུང་རིམ་བརྗིད་ཉམས་དོད་པའམ་ཡང་ན་རྙོག་འཛིང་ཆེ་བ་དེ་ཙམ་མེད་ནའང་། དུང་སེམས་ཟབ་མོ་མཚོན་ནས་གཏམ་སྤྱོད་རེ་རེ་ལས་མི་རྣམས་ཀྱི་འཚོ་བའི་ཆ་མང་པོ་དང་ཟུང་འབྲེལ་དམ་ཟབ་བྱུང་བའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཁྱིམ་ཚང་མི་འདྲ་བ་ལྔ་པོ་ལས་ལྟད་མོ་བ་ཚང་མས་སོ་སོའི་འཚོ་བ་དང་འབྲེལ་བ་ཟབ་པའི་ཆ་དེ་བཙལ་འཚོལ་ཐུབ་ནས་ཐུན་མོང་གི་བརྩེ་སེམས་ཀྱི་ངོས་འཛིན་ཞིག་ཡོང་བར་ཡིད་ཆེས་ཡོད། ཕ་མ་བུ་ཕྲུག་དབར་གྱི་བརྩེ་བ་དང་། ཁྱིམ་ཚང་གི་གུས་ལུགས་དང་བསྙེན་བཀུར་གྱི་ནང་དོན་འཁྲབ་གཞུང་གི་འགོ་ནས་མཇུག་བར་ཁྱབ་ཡོད་པས། བྱིས་པའི་འཁྲབ་གཞུང་རྩེ་གྲ་ཞིག་ཡིན་པ་དང་། དེས་ང་ཚོའི་ཉེ་འགྲམ་གྱི་ཕྲུ་གུ་སྔར་ལས་མང་བར་དྲིན་ཚོར་གྱི་བསམ་པ་ཞིག་ཡོང་ངེས་རེད”ཅེས་བཤད།

    མཁའ་འགྲོས“ནང་སྦྱོང་བྱེད་རིམ་བཞིན་ང་དང་ཨ་མའི་དབར་གྱི་ཟློས་གར་འཁྲབ་སྐབས། ཨ་མས་ཤོད་རྐྱང་གི་འཁྲབ་ཚིག་དེ་དག་ཉན་སྐབས། འཁྲབ་ཐེངས་རེར་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག”ཅེས་བཤད།

    ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ནས་བོད་ཀྱི་བྱིས་པའི་ཟློས་གར་གྱི་ལེའུ་གསར་པ་བརྩམས་པ།

    ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་འཁྲབ་རྒྱུན་ཟློས་གར་རྩེ་གྲ《དམིགས་བསལ་སྦྱོང་ཚན》ནང་སྐར་ཆ་བཅུ་གྲངས་རིང་གཏམ་རྒྱུད་ཐུང་ངུ་རེ་བརྗོད་པའི་སྒོ་ནས་འཁྲབ་གཞུང་གི་མི་རེ་རེ་དང་། ཁྱིམ་ཚང་སོ་སོའི་གནས་བབ་གསར་བཞེངས་ལས་ལྟད་མོ་བས་མི་སྣ་ཆུང་ངུ་དང་ཁྱིམ་ཚང་ཞིག་གི་གཏམ་རྒྱུད་ཐད་ཀར་མཐོང་ཐུབ་ལ། འཁྲབ་སྟོན་པའི་འཁྲབ་རྩལ་བྱང་ཆུབ་པར་བརྟེན་ནས་འཁྲབ་གཞུང་གི་མི་སྣ་སོ་སོའི་གཟུགས་བརྙན་དང་ཁྱིམ་ཚང་རེ་རེ་ལས་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་གང་ལེགས་མཐོང་ཐུབ།

    ཕུལ་བྱུང་གི་བྱིས་པའི་ཟློས་གར་དེ་ཡག་པོ་འཁྲབ་ཆེད། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་གཙོ་བོ་ཚང་མས་རང་ནུས་ཡོད་རྒུ་བཏོན་ཡོད།

    དམའ་རིམ་སློབ་འབྲིང་གི་སློབ་མ་ཨན་ཆའོ་ཆའོ་འཁྲབ་མཁན་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་འཆི་མེད་སྒྲོལ་དཀར་གྱིས“དང་ཐོག་འཁྲབ་དུས་དཀའ་ངལ་ཆེན་པོ་བྱུང་། མི་སྣའི་རང་གཤིས་གནད་ལ་འཁེལ་པོ་འཁྲབ་མ་ཐུབ་པས་ངུ་ཡང་ཤོར་བྱུང་། དེ་ནས་རིམ་བཞིན་འཁྲབ་ཁྲིད་པ་དང་གཏམ་བརྗོད་ཚོགས་པའི་བསླབ་པ་རྒན་གྲས་ཚོའི་རོགས་རམ་འོག་རང་ཉིད་ཀྱིས་ཀྱང་རིམ་བཞིན་བསམ་བློ་ཞིབ་ཕྲ་བཏང་ནས་འཁྲབ་བྱའི་མི་སྣ་དེར་སེམས་ནུས་མང་པོ་བཏོན་པ་མ་ཟད། མི་སྣ་ཡག་པོ་ཞིག་འཁྲབ་ཐུབ་ཆེད་སྐྲ་བཞར་བ་དང་གྱོན་ཆས་ལ་འགྱུར་ལྡོག་གཏོང་བ་སོགས་ཕྱི་ཚུལ་ནས་ནང་སེམས་བར་འགྱུར་ལྡོག་ཡོང་ཐབས་བྱས་པ་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

    འཁྲབ་གཞུང་ནང་གི་དམའ་རིམ་སློབ་འབྲིང་གི་སློབ་མ་ཝུའུ་ཙི་ཧའོ་འཁྲབ་མཁན་ན་གཞོན་འཁྲབ་སྟོན་པ་བསྟན་འཛིན་འཇིགས་ཡོན་གྱིས“དང་ཐོག་འཁྲབ་ཚན《དམིགས་བསལ་སྦྱོང་ཚན》དེ་བྱིས་པ་ཚོར་ཆེད་དུ་འཁྲབ་པ་ཞིག་ཡིན་བསམ་བྱུང་། ཟློས་གར་དེ་འཁྲབ་པའི་རྗེས་དེ་ནི་རྒྱུན་དུ་འཁྲབ་པའི་གཏམ་བརྗོད་ཟློས་གར་ལས་ཀྱང་དཀའ་ལས་ཆེ་བ་ཡོད་པ་གཞི་ནས་ཤེས་བྱུང་། གང་ལགས་ཤེ་ན། དེའི་ནང་གླུ་གར་ཡོད་པ་མ་ཟད་བརྩེ་བས་ཕྱུག་པའི་འཁྲབ་ཚིག་དང་ཉམས་འགྱུར་མང་པོ་སྟོན་དགོས་པས་རོལ་དབྱངས་ཀྱི་གླུ་གར་འཁྲབ་གཞུང་ཞིག་དང་དེ་བས་འདྲ་བའི་ཚོར་སྣང་ཞིག་བྱུང་བས་ཡིན”ཞེས་བཤད།

    གསར་འགོད་པར་ཤེས་རྟོཌ་བྱུང་བར། ཟློས་གར《དམིགས་ བསལ་སྦྱོང་ཚན》ལས་དྲིན་ཚོར་འབོད་སྐུལ་དང་བརྩེ་བ་འཆང་དགོས་ལུགས་བཏོན་ནས། སྤྱི་ཚོགས་ཀྱི་གཅེས་སེམས་འབོད་སྐུལ་བྱས་པས། ཁུངས་སྣེ་སྟབས་བདེ་ལ་བྱུང་རིམ་གསལ་བ་དང་མི་རྣམས་ལ་བསམ་བློ་གཏོང་ས་བསྟན་ཡང་དེ་ཙམ་བག་ཡངས་ཀྱི་བྱུང་རིམ་ཞིག་མངོན་པའི་ཁར་ཡིད་དབང་འཕྲོག་པའི་རོལ་དབྱངས་དང་ཞབས་བྲོས་བརྒྱན་ནས་ལྟད་མོ་བ་བརྩེ་བས་ཕྱུག་པའི་འགྱུར་ཁུག་ཁྲོད་འདྲེན་པའི་ཚོར་བ་སྦྱིན་ཡོད།

    བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་དོན་གྲུབ་ཚེ་རིང་གིས“ཟློས་གར་འདི་ནི་ང་ཚོའི་ཚོགས་པས་ནང་འདྲེན་བྱས་པའི་བྱིས་པའི་ཟློས་གར་ཐོག་མ་ཡིན་པས། གལ་སྲིད་ལེགས་གྲུབ་བྱུང་ཚེ། བོད་ཀྱི་བྱིས་པའི་ཟློས་གར་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད། འདི་ནི་ང་ཡི་འགོ་འཛུགས་ས་གསར་པ་ཞིག་སྟེ། ང་རང་གཏམ་བརྗོད་ཟློས་གར་ཚོགས་པར་ཡོང་རྗེས་འཁྲབ་སྟོན་བྱས་པའི་ཟློས་གར་ཆེ་གྲས་ཐོག་མ་ཡིན་པས། ངས་གོ་སྐབས་འདིར་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད”ཅེས་བཤད།

    རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆོན་ཕིང་གིས། ཟློས་གར《དམིགས་བསལ་སྦྱོང་ཚན》རྩ་སྤོས་གསར་རྩོམ་ལེགས་གྲུབ་བྱུང་བ་ལས་བོད་ཀྱི་བྱིས་པའི་ཟློས་གར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། འདི་ནི་བོད་ཀྱི་བྱིས་པའི་ཟློས་གར་གྱི་འགོ་འཛུགས་ས་དང་ཡང་ན་འགོ་འཛུགས་ས་གསར་པ་ཡིན། ཟློས་གར《དམིགས་བསལ་སྦྱོང་ཚན》2023ལོའི་དབྱར་ཁའི་གུང་གསེང་རིང་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་བྱིས་པའི་ཟློས་གར་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་ཡོད། མ་འོངས་པར། བོད་ཀྱི་གཏམ་བརྗོད་ཟློས་གར་བ་ཚོས་དར་སྲོལ་འདི་དང་བསྟུན་ནས་རྒྱང་ལམ་གསར་པར་བསྐྱོད་དེ་སྒྱུ་རྩལ་གྱི་ཚེ་སྲོག་གསར་པ་གཏོད་ཀྱི་ཡིན་ཞེས་བཤད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།