རྒྱ་བོད་དཔེ་ཆོས་ཀྱི་ཀུན་མཐུན་རང་བཞིན་དང་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།
མི་རིགས་ཤིག་གི་རིག་གནས་གང་དེ་སྐད་བརྡས་ཡོངས་སུ་མཚོན་པར་ནུས་ཏེ། རྒྱ་བོད་གཉིས་ཡུལ་སྲོལ་གོམས་གཤིས་དང་། འཚོ་གནས་ཁོར་ཡུག ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སོགས་ཕྱོགས་མང་པོའི་ཐད་ནས་ཁྱད་པར་ཅུང་ཙམ་མཆིས་པས། མི་རིགས་ཀྱི་བྱང་ཚད་མི་འདྲ་བ་རེ་རེ་གྲུབ་ཡོད་ཅིང་། དེ་དག་སྐད་བརྡ་དང་སྐད་བརྡའི་བཀོལ་སྤྱོད་ཐོག་ནས་བལྟས་ཚེ། མི་རིགས་གང་དེའི་སྐད་བརྡའི་སྤྱི་ཚོགས་ཀྱི་སེམས་ཁམས་མཐོང་ཐུབ། དེ་བཞིན་སྐད་བརྡའི་འཕེལ་རྒྱས་ལ་སྤྱི་ཚོགས་དང་རིག་གནས་ཀྱི་ཤུགས་རྐྱེན་དང་དེའི་ཚོད་འཛིན་ཐེབས་ཀྱིན་ཡོད་པ་ལྟར། སྤྱི་ཚོགས་དང་རིག་གནས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཀྱང་སྐད་བརྡའི་ཁྲོད་ནས་མཐོང་ཐུབ། རྒྱ་བོད་དཔེ་ཆོས་ལ་རང་རང་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དབང་གིས། དཔེ་ཆོས་ཐོག་མར་དར་བ་དང་དེ་ནས་ཉེ་བར་སྤྱོད་པ་སོགས་ཀྱི་བྲེ་བྲག་གནས་སྟངས་ལ་ཁྱད་པར་ལྡན་མོད། རྒྱ་བོད་མི་རིགས་གཉིས་ཀྱིས་དཔེ་ཆོས་ལ་བཞག་པའི་མཚན་ཉིད་སྤྱིའི་ཆ་ནས་འདྲ་མཚུངས་ཡིན་པ་དང་། དེ་གཉིས་དབར་ཐུན་མོང་གི་ཆ་ཤས་མང་བར་བརྟེན། ཕན་ཚུན་ལོ་ཙཱ་བྱེད་དུས་སྙོམ་སྒྱུར་(对译)རམ་ཚབ་བརྗེ། ཐད་སྒྱུར། འགྲེལ་སྒྱུར་སོགས་ཀྱི་སྒྱུར་ཐབས་སྤྱོད་ཐུབ་པས། དེ་གཉིས་དབར་ཀུན་མཐུན་རང་བཞིན་ཤུགས་ཆེན་ལྡན་པར་མཐོང་སྟེ། གཤམ་དུ་དེའི་སྐོར་ལ་རགས་ཙམ་གླེང་ན།
གཅིག དཔེ་ཆོས་ཚབ་བརྗེའི་སྒྱུར་ཐབས།
རྒྱ་བོད་སྐད་གཉིས་ལས་དཔེ་ཆོས་སྐོར་ཞིག་ནང་དོན་དང་། རྣམ་པ། ཚིག་རྒྱན་སོགས་ཕྱོགས་གང་ཅིའི་ཐད་ནས་བརྟགས་ན་ཡོངས་སུ་འདྲ་བའམ་ཧ་ལམ་འདྲ་བས། ལོ་ཙཱ་བྱེད་དུས་ཚབ་བརྗེ་བྱེད་པའི་སྒྱུར་ཐབས་སྤྱད་ན་འཐུས། དཔེར་ན། “害群之马”ལ་སྦལ་པ་རྨ་ཅན་ཞེས་སྒྱུར་ན་འོས་ཤིང་འཚམ་པ་ཞིག་ཏུ་སྣང་སྟེ། 《དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ་བཞུགས་སོ》ལས། “སྦལ་པ་རྣམས་ཚང་དུ་འཇུག་ཙམ་ན། སྦལ་པ་ཐམས་ཅད་ཕུང་པོ་ཅིག་ཏུ་བྱས་ནས་ཉལ་བ་ལ། སྦལ་པ་གཅིག་ལ་རྨ་ཡོད་ན། སྦལ་པ་ཐམས་ཅད་རུལ་བ་ལྟར”ཞེས་འགྲེལ་པ་བསྐྱོན་ཡོད་པ་ལ། དེས་རྒྱ་ཡིག་དཔེ་ཆོས་ལས་བསྟན་པའི་ནང་དོན་དང་འདྲ་མཚུངས་ཀྱི་ནུས་པ་ཐོན་ཡོད། གཞན་ཡང་། དཔེ་ཆོས་“害群之马”དེ་གང་དུ་བཀོད་པའི་མ་ཡིག་གི་ངོ་བོ་དང་། འགྱུར་ཡིག་གི་རྣམ་པ། ཚད་གཞིའི་དབང་གིས་མ་ཡིག་ལ་བསྟུན་དགོས་པ་སོགས་ཕྱོགས་མང་པོར་གཞིགས་ནས་ཐ་སྙད་གཞན་དུ་བཀས་བཅད་བྱས་ཡོད། དེ་ལས་དཔེ་ཆོས་གང་ཉིད་ཀྱི་སྒྱུར་སྟངས་དེ་སྐབས་དང་བབ་ལ་བསྟུན་དགོས་པ་ཤེས་སོ། གཞན་“对牛弹琴” “听人穿鼻” “设身处地” “同甘共苦”“古为今用” “同舟共济” “生搬硬套” “因祸得福” “恩将仇报” “风中残烛”སོགས་ནི་རིམ་བཞིན་སྤྱང་ཀིར་ཆོས་བཤད་དང་། ཆུ་སྣ་གར་ཁྲིད། རང་དཔེ་གཞན་སྟོན། སྐྱིད་སྡུག་མཉམ་འཁུར། གནའ་བཟང་དེང་སྤྱོད། ཕྱར་བ་གྲུ་འདེགས། ཞྭ་དཔེ་ལྷམ་འགེབས། རྐྱེན་ངན་གྲོགས་ཤར། ཇ་ལན་ཆུ་འཇལ། རླུང་ཁའི་མར་མེ་སོགས་སུ་བསྒྱུར་ཆོག་ལ། དེ་ལྟར་བསྒྱུར་ན་ད་གཟོད་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཆོས་དེ་དག་གི་བསྟན་བྱའི་ནང་དོན་དང་གྲུབ་ཚུལ་གྱི་རྣམ་པ། ཚིག་རྒྱན་གྱི་ནུས་པ་སོགས་གང་ཐད་དུ་ཕལ་ཆེར་དོ་མཉམ་བྱུང་ཡོད་པས། སྒྱུར་ཐབས་འདི་རིགས་དཔེ་ཆོས་ལོ་ཙཱ་བྱེད་སྐབས་ཀྱི་གདམ་ཀ་ལེགས་ཤོས་དེ་ཡིན། གང་ལགས་ཤེ་ན། དཔེ་ཆོས་འདི་དག་རྒྱ་བོད་མི་རིགས་གཉིས་ཀྱི་ཡུན་རིང་གི་འཚོ་བའི་ལག་ལེན་ཁྲོད་ནས་བཙོ་སྦྱངས་བྱས་པ་ཤ་སྟག་ཡིན་ཏེ། མི་རིགས་སོ་སོའི་སྐད་བརྡའི་རིག་གནས་དང་དེ་བཞིན་འཚོ་བའི་ཁྱད་ཆོས་ལྡན་པ་མ་ཟད། བསྟན་བྱའི་ནང་དོན་ཡང་ཕལ་ཆེར་འདྲ། དེར་བརྟེན། དེ་དང་ཉེ་མཚུངས་ཀྱི་དཔེ་ཆོས་རྙེད་ཚེ་དེ་ལྟར་བཀོལ་ན་ལེགས་སྙམ།
གཉིས། དཔེ་ཆོས་ཐད་སྒྱུར་བྱ་ཐབས།
དཔེར་ན། “过河拆桥”ལ་ཆུ་ཐོན་ཟམ་བོར་ལྟ་བུ་དང་“表里如一”ལ་ཁ་ཞེ་གཉིས་མེད། “世世代代”ལ་ཚེ་ཚེ་རབས་རབས། “一心一意”ལ་བློ་གཅིག་སེམས་གཅིག “家破人亡”ལ་མི་ཤི་ཁྱིམ་སྟོང་། “四面八方”ལ་ཕྱོགས་བཞི་མཚམས་བརྒྱད་ལ་སྒྱུར་ཆོག འདི་ལྟར་བསྒྱུར་ཚེ་མ་ཡིག་གི་བསྟན་བྱའི་ནང་དོན་དང་། གྲུབ་ཚུལ་རྣམ་པ། ཚིག་རྒྱན་སོགས་གཅིག་མཐུན་བྱུང་བས། མ་ཡིག་གི་རྣམ་པ་དང་། དཔེ། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་སོགས་སོར་འཇོག་བྱེད་ཐུབ། ཡིན་ནའང་། འདི་ལྟར་བསྒྱུར་རྒྱུ་ནི་ལས་སླ་མོ་ཞིག་མིན་ཏེ་ལོ་ཙཱ་བས་མི་རིགས་གཉི་གའི་དཔེ་ཆོས་གང་དག་ཐད་སྒྱུར་ཆོག་པར་གཞི་རྩའི་བརྡར་ཤ་གཅོད་ནུས་ལྡན་དགོས།
གསུམ། དཔེ་ཆོས་འགྲེལ་སྒྱུར་བྱ་ཐབས།
དུས་རབས་ལ་འཕོ་འགྱུར་རྒྱུན་ཆད་མེད་པར་འགྲོ་བ་དང་བསྟུན། སྤྱི་ཚོགས་འཚོ་བར་འགྱུར་ལྡོག་གསར་པ་དང་འཕེལ་ཕྱོགས་གསར་པ་མང་པོ་འབྱུང་བཞིན་ཡོད་པ་དང་། དེ་མཚུངས་སུ། སྤྱི་ཚོགས་གང་དེའི་རིག་གནས་མཚོན་བྱེད་དུ་གྱུར་པའི་སྐད་བརྡ་ལའང་དེ་ལ་དེ་བསྟུན་གྱིས་འགྱུར་ལྡོག་འགྲོ་བཞིན་ཡོད་དེ། དཔེ་ཆོས་ཚུད་པའི་ཐ་སྙད་མང་དག་ཅིག་སྔོན་ཆད་མེད་པར་གསར་དུ་བྱུང་དང་འབྱུང་མུས་ཡིན། དཔེར་ན། དེང་རབས་གཞུང་ཡིག་སོགས་ལས་མཐོང་ཐུབ་པའི་རྒྱ་ཡིག་གི་དཔེ་ཆོས་ “守正创新”“踔厉奋发”“行稳致远”“矢志不渝”“勇毅前行”“与时俱进”སོགས་ལ་ལོ་ཙཱའི་སྡེ་ཡིས་རིམ་བཞིན་བདེན་སྲུང་གསར་གཏོད་དང་། ངར་སེམས་ཆེར་སྐྱེད། བརྟན་བགྲོད་རྒྱང་འཁྱོལ། བློ་བརྟན་འགྱུར་མེད། དཔའ་སྐྱེད་མདུན་སྐྱོད། དུས་བསྟུན་མདུན་སྐྱོད་ཅེས། བོད་ཡིག་ཏུ་བཀས་བཅད་བྱས་ཡོད་པ་དང་། དེ་དག་གི་དཔེ་ཆོས་ཀྱི་བསྟན་བྱའི་ནང་དོན་དང་། གྲུབ་ཚུལ་རྣམ་པ། ཚིག་རྒྱན་གྱི་ནུས་པ་སོགས་མ་ཡིག་དང་གཅིག་མཐུན་བྱུང་བ་ལས། རྒྱ་བོད་དཔེ་ཆོས་དབར་ཀུན་མཐུན་རང་བཞིན་ཤུགས་ཆེར་ལྡན་པ་ལོ་ཙཱའི་ལག་ལེན་ཁྲོད་ནས་ཟུར་ལྟས་ལེབ་མཐོང་བྱེད་ཐུབ།
མདོར་ན། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་རྒྱ་བོད་དཔེ་ཆོས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་། སྤྱི་ཚོགས་ཀྱི་ཁོར་ཡུག ཉེར་སྤྱོད་ཀྱི་ཁྱབ་ཁོངས་སོགས་མི་འདྲ་ནའང་། སྐད་བརྡས་སྤྱི་ཚོགས་འཚོ་བ་ལ་ཞབས་འདེགས་སྔར་ལས་ལྷག་པར་ཞུ་ཆེད། དེ་ཉིད་གོང་ནས་གོང་དུ་སྤེལ་བའི་གོམ་སྟབས་ཆུ་བོའི་རྒྱུན་བཞིན་ཆད་མ་མྱོང་བ་ལྟར། རྒྱ་བོད་སྐད་བརྡ་གཉིས་རིམ་བཞིན་ཧ་ཅང་སྔོན་ཐོན་ཅན་དང་མ་ལག་ཅན་གྱི་སྐད་བརྡ་རུ་གྱུར་ཡོད་ཅིང་། སྐད་བརྡའི་བྱེ་བྲག་ཏུ་གྱུར་པའི་རྒྱ་བོད་གཉིས་ཀྱི་དཔེ་ཆོས་ལའང་། ནང་དོན་ཕུན་སུམ་ཚོགས་པ་དང་། འབྲུ་ཉུང་ཞིང་དོན་བསྡུས་ཆེ་བ། གྲུབ་ཚུལ་གཏན་ཞིང་འཇགས་པ། གྲངས་འབོར་མང་བ་སོགས་ཀྱི་ཁྱད་ཆོས་ཇི་སྙེད་ཅིག་མཆིས་གཤིས། དེ་ལས་གཅིག་ནས་རྒྱ་བོད་དཔེ་ཆོས་ཀྱི་འཕེལ་ཚད་མཐོན་པོ་ཡིན་པ་མཚོན་ཐུབ་སྟེ། སྐབས་འགར་རྒྱ་ཡིག་གི་དཔེ་ཆོས་རེ་ཟུང་བོད་སྐད་དུ་སྒྱུར་དཀའ་བར་སྣང་ཡང་དེ་སྒྱུར་ཐབས་བྲལ་བ་གཏན་ནས་མིན། གཉིས་ནས་རྒྱ་བོད་གཉིས་དུས་ཡུན་རིང་པོར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་དང་དེ་བཞིན་ལོ་ཙཱ་བས་དཀའ་སྤྱད་དང་དུ་བླངས་པ་བརྒྱུད། རྒྱ་བོད་དཔེ་ཆོས་དབར་ཀུན་མཐུན་རང་བཞིན་ཇེ་ཆེར་སོང་བར་མཐོང་ནུས་སོ། །
(ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་འཕྲིན་ལས་ཆོས་སྒྲོན)