རང་ལྗོངས་ཀྱིས་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཧུར་ཐག་བཏོད་ནས་ལྟད་མོ་བ་ཚོར་མིག་གི་སྟོན་མོ་བཤམས་པ།
གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཟློས་གར་རྣམ་གྲངས་ཀྱི་བྱ་དགའ་ཐོབ་པ།
ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི“ལྔ་གཅིག”ཤར་ཚུན་བོད་ཀྱི་ཡུལ་སྐོར་གྱི་དུས་ཚོད་ཡག་ཤོས་འགོ་ཚུགས་པ་དང་བསྟུན་ནས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཁག་གཅིག་ཧུར་ཐག་བཏོད་དེ་ལྗོངས་ཕྱི་ནང་གི་ལྟད་མོ་བ་ཚོར་འཁྲབ་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིཌ་ན། “ལྔ་གཅིག”རིང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱི་ལྔ་གཅིག་ཆེད་དོན་འཁྲབ་སྟོན”གྱི་བྱེད་སྒོ་སྤེལ་ནས་ཉིན་10བསྟུད་མར་བོད་ལྗོངས་ཟློས་གར་ཁང་ཆེན་པོ་དང་ནོར་བུ་གླིང་གའི་མཛེས་ལྗོངས་ཁུལ་དུ་སྔ་རྗེས་སུ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བར་བོད་ཀྱི་མཉམ་སྒྲོག་རོལ་དབྱངས་བརྩམས་ཆོས་འགྲེམས་འཁྲབ་དང་། ལྷ་མོ《པད་མ་འོད་འབར་གྱི་རྣམ་ཐར》དང《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》 མི་རིགས་ཀྱི་འབུད་དཀྲོལ་རོལ་ཆ《སྐལ་བཟང་མེ་ཏོག་ཉི་འོད་ཕྱོགས་སུ་བཞད》 ལྷ་མོའི་རིག་འཛོམས་མཚན་ཚོགས《ལྷག་པར་མཛེས་པའི་ཟླ་བ་ལྔ་པ》བཅས་འཁྲབ་སྟོན་ཐེངས་10བྱས་པར་རིམ་རྩིས་བྱས་ན་ལྟད་མོ་བ་ཁྲི་3ལྷག་ཙམ་ཟིན་ཡོད། དུས་མཚུངས་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་ཉིང་ཁྲི་དང་ལྷོ་ཁ་སོགས་ཀྱི་མཐའ་མཚམས་རྫོང་དང་ཤང་དང་གྲོང་གསེབ་6ཏུ་གླུ་གར་ཟློས་གར《རྒྱང་རིང་གི་སྐལ་བཟང་མེ་ཏོག》དམངས་ཕན་འཁྲབ་སྟོན་བྱས་པ་དང་ལམ་ཐག་སྤྱི་ལེ་3500ལྷག་ཙམ་བསྐྱོད་ནས་ཁྱོན་འཁྲབ་སྟོན་ཐེངས་11བྱས་པར་རིམ་རྩིས་བྱས་ན་ལྟད་མོ་བ་7200དང་དྲ་ཐོག་གི་ལྟད་མོ་བ་ཁྲི་9ལྷག་ཙམ་ཟིན་ཡོད་པ་རེད།
དེ་དང་ཆབས་ཅིག་ཟླ་5ཚེས་7ནས་9ཉིན་བར་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གསར་གཏོད་འཁྲབ་སྟོན་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ་བཅས་མཚོན་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ཀོང་ཤིས་ནན་ཉིང་དུ་ལྷོ་ནུབ་ཟློས་གར་འགྲེམས་འཁྲབ་བྱས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བ་དང་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་གཏམ་བརྗོད་ཟློས་གར་གྱི་ཕུལ་བྱུང་ཟློས་གར་རྣམ་གྲངས་ཀྱི་འགྲེམས་འཁྲབ་ལ་ཞུགས་ནས་བསྟུད་མར་འཁྲབ་སྟོན་ཐེངས་གཉིས་བྱས་པར་ལྟད་མོ་བ་ཚོས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་གཏམ་བརྗོད་ཟློས་གར་གྱི་ཕུལ་བྱུང་ཟློས་གར་རྣམ་གྲངས་ཀྱི་འགྲེམས་འཁྲབ་ཀྱི“ཕུལ་བྱུང་ཟློས་གར་རྣམ་གྲངས་ཀྱི་བྱ་དགའ”ཡང་ཐོབ་ཡོད་པ་རེད།