དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གྲོགས་པོ་བཟང་པོ་ཡིད་བཞིན་ནོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱུག་སྲས།   |     སྤེལ་དུས།  2024-06-18

    སེམས་གཙང་ལུས་གཙང་མི་ཡི་རྒྱན་ཆ་ཡིན། །

    ཡ་རབས་གཤིས་བཟང་ནང་གི་ཡོན་ཏན་ཡིན། །

    དེ་དག་འཛོམས་པའི་མི་ཞིག་འཕྲད་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    སྤྲེལ་ལད་བསྔགས་བརྗོད་ཤོག་བུའི་ཕྲ་རྒྱན་དང་། །

    ངོ་དགའ་གཡོ་རྫུན་གཞན་སེམས་དཀྲུགས་པའི་རྒྱུ། །

    དེ་དག་བྲལ་བའི་མི་ཞིག་འཕྲད་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    ཁ་ཁོག་མཚུངས་ཤིང་ལྕེ་གཉིས་རང་བཞིན་མེད། །

    རྒྱབ་མདུན་མེད་པར་རྣམ་པ་གཅིག་ཡིན་པ། །

    ཁ་ཞེ་གཉིས་མེད་མི་ཞིག་འཕྲད་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    ཕྱི་གཟུགས་མེད་ཀྱང་ལྷག་བསམ་དུང་ལས་དཀར། །

    རྒྱུ་ཡིས་དབུལ་ཀྱང་འབད་འཐབ་སྙིང་རུས་ཅན། །

    ལས་འབྲས་མི་རྙོག་གཤིབ་ཡུན་རིང་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    མགོ་བདེ་དྲན་འཕྲུལ་མེད་པའི་སྤྱོད་གཙང་ཞིག །

    དྲང་བདེན་གཙུག་ཏུ་བཀུར་བའི་ཡ་རབས་ཤིག །

    ཚུལ་མཐུན་སྲོལ་ལ་དགའ་མཁན་འཕྲད་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    རིག་པའི་གནས་ལ་རྩེད་དགར་རོལ་མཁན་དང་། །

    རང་ལས་གཞན་གཅེས་བསམ་པའི་རྒྱུད་བཟང་བ། །

    བྱམས་བརྩེའི་རིན་ཐང་ཤེས་མཁན་ཐུག་གྱུར་ན། །

    དེ་དང་ང་ཡིས་གྲོགས་པོ་སྒྲིག་བདེན་ཡིན། །

    འགྱུར་མེད་རང་གཤིས་བརྟན་ལ་ཕྱི་ཐག་རིང་། །

    ཡུན་རིང་འགྲོཌ་ཚེ་འཛུམ་མདངས་ཆེར་རྒྱས་པ། །

    སེམས་ལ་དགའ་མགུ་སྟེར་མཁན་གྲོགས་མཆོག་འདི། །

    དགོས་འདོད་སྐོང་བའི་ཡིད་བཞིན་ནོར་དང་མཚུངས། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།