བྱིས་དུས་ཀྱི་གཏམ་རྒྱུད།
བྱིས་དུས་སུ། འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པས། ང་རང་ཇ་སྲུབས་མ་འཐུང་བར་ཧ་ཅང་དགའ། འོན་ཀྱང་། ཇ་སྲུབས་མ་བཏུང་དྲགས་ནས་ཉལ་གཅིན་ཡང་ཡང་ཤོར་སྟབས། པཱ་ལགས་ཀྱིས་ང་ལ། ཕྲུ་གུས་ཇ་སྲུབས་མ་བཏུང་མང་ན། ཨམ་ཅོག་སྐམ་ངེས་རེད་ཟེར། དུས་དེ་ནས་བཟུང་། ངས་ཇ་སྲུབས་མ་འཐུང་བར་འཛེམ་དགོས་བྱུང་།
བྱིས་དུས་སུ། རི་ཆུའི་སྣེ་མོར་ཁ་དོག་སྣ་ལྔའི་འཇའ་ཚོན་ཤར་ཐེངས་རེར། པཱ་ལགས་ཀྱིས་ང་ལ། ཁ་ལ་ཁྱི་སྐྱག་བཟུང་ནས་གནམ་སའི་མཐའ་ལ་ཕྱིན་ན་འཇའ་ཚོན་བཟུང་ཐུབ་ཟེར། ས་དང་གནམ་ལས་ངོ་མི་ཤེས་པའི་ངས་པཱ་ལགས་ཀྱི་ཁ་ལ་ཉན་ཏེ་ཁྱི་སྐྱག་ཁ་ལ་བཟུང་ནས་འཇའ་གུར་ཡོད་སར་ཇི་ཙམ་བརྒྱུགས་ཀྱང་། ཁ་དོག་སྣ་ལྔའི་འཇའ་ཡི་རི་མོ་ང་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར།
བྱིས་དུས་སུ། པཱ་ལགས་ཀྱིས་ཟེར་ན་ལྷ་ས་ནི་རྒྱང་རིང་རྒྱང་རིང་ཞིག་ན་ཡོད་རབས་ཟེར། ངས་དུས་རྒྱུན་པཱ་ལགས་ལ་ང་ལྷ་སར་འཁྲིད་རྒྱུའི་རེ་བ་བཏོན་ཚེ། ཨ་ཕས་སྒམ་བརླིང་པོས། ཨ་ན་དགའ་ན་ལྷ་སར་འགྲོ་དགོས་མེད། ངས་ཁྱོད་ཀྱི་ཨམ་རྩ་གཉིས་ནས་འཇུས་ཏེ་ཡར་བཀྱགས་ན་ལྷ་ས་ངང་གིས་མཐོང་ཐུབ་ཟེར། པཱ་ལགས་ཀྱིས་ངའི་ཨམ་ཅོག་གཉིས་པོ་བཙིར་ནས་མཁའ་ལ་ཐེངས་མང་བཀྱགས་ཀྱང་། ངས་ལྷ་ས་གཏན་ནས་མཐོང་མ་བྱུང་བའི་ཁར། ངའི་ཨམ་ཅོག་ན་ཟུག་གིས་མནར་ཏེ་མིག་ཆུ་ཡང་ཡང་ཤོར་བྱུང་། དུས་དེ་ནས་བཟུང་། ངས་པཱ་ལགས་ལ་ང་ལྷ་སར་ཁྲིད་དང་ཞེས་རེ་བ་འདོན་མི་ནུས།
བྱིས་དུས་སུ། མུན་རབ་ལ་ཁད་དུ་ང་དང་ཁྱིམ་མཚེས་ཀྱི་བྱིས་པ་ཚོ་གྲོང་ཚོའི་སྲང་ལམ་ཁག་ཏུ་རླུང་དང་ཐལ་རྡུལ་གྱི་ངོ་འབག་གྱོན་ནས་རྩེད་འཇོར་རོལ་བར་ཧ་ཅང་དགའ། ནམ་རྒྱུན་ང་རང་རྩེད་མོའི་དབྱིངས་སུ་ཚུད་དེ་དུས་ལྟར་ཁྱིམ་ལ་ལོག་མ་ཐུབ་ན། པཱ་ལགས་ཀྱིས་ང་ལ་འཇིགས་སྣང་བསྐུལ་ནས། མཚན་མོ་ཕྱི་ལ་འཁྱམས་ནས་སྡོད་ཡུན་རིང་ན། མི་ངན་གྱིས་ཁྲིད་ནས་གཙང་འགྲམ་གྱི་བྱེ་མའི་ཀློང་དུ་གཡུག་ངེས་རེད་ཟེར། དུས་དེ་ནས་བཟུང་། ང་རང་མུན་མ་རུབ་གོང་ནས་ཁྱིམ་དུ་ལོག་པའི་གོམས་གཤིས་བཟང་པོ་ཞིག་འཇགས།
བྱིས་དུས་སུ། ངས་ནགས་ཚལ་གྱི་གསེབ་ཏུ་སོང་སྟེ། གླ་ཚེར་དང་སེ་བ་གང་བྱུང་དུ་བཅད་ནས་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ནང་གི་སྤྲེལ་རྒན་གྱི་གསེར་རྒྱུག་ཡིན་ཁུལ་དང་། གླིང་སྒྲུང་ནང་གི་གེ་སར་རྒྱལ་པོའི་མདུང་ཡིན་ཁུལ་བྱས་ཏེ་རྩེད་འཇོར་གཡེང་སྐབས། པཱ་ལགས་ཀྱིས་ང་ལ་གླ་ཚེར་དང་སེ་བའི་སྡོང་པོ་སོགས་ཤིང་གང་བྱུང་དུ་བཅད་ན་ཁྱོད་ཀྱི་གདོང་པར་འབྲུམ་ཐོར་དང་ཤུལ་པ་སྐྱེས་ནས་སོག་ལེའི་ཁ་བཞིན་འབར་ཚག་ཆགས་སྲིད་ཟེར། དུས་དེ་ནས་བཟུང་ངས་ཤིང་གང་བྱུང་དུ་གཅོད་པའི་རང་གི་བྱེད་སྟངས་ངན་པར་འགྱུར་བ་མི་གཏོང་ཀ་མེད་བྱུང་།
བྱིས་དུས་སུ། ངས་སྒོ་ང་བརྐུས་ནས་ཁྱིམ་མཚེས་ཀྱི་ཚོང་ཁང་དུ་སོང་སྟེ་བྱེ་རིལ་དང་། ཏན་ཞིམ་སོགས་ཉོ་བཞིན་པ་པཱ་ལགས་ཀྱིས་ཤེས་རྗེས། པཱ་ལགས་ཀྱིས་ང་རང་འགྲམ་དུ་བོས་ཏེ་ངག་འཇམ་པོས། ཨ་མ་དང་བུ་རྐུན་མ་ཞེས་པའི་གཏམ་རྒྱུད་བཤད་ནས། རྐུ་རྒྱག་མཁན་ལ་མཇུག་འབྲས་ཡག་པོ་མི་འབྱུང་ཁོ་ཐག་ཡིན་ཚུལ་དང་། སྒོ་ང་དགོས་ན་ང་ལ་ལབ་དང་པཱ་ལགས་ཀྱིས་ཁྱོད་ལ་སྦྱིན་ཆོག་ཅེས་གསུངས། འོན་ཀྱང་། ནམ་རྒྱུན་ངས་པཱ་ལགས་ལ་སྒོ་ང་སྟེར་རོགས་ཞེས་ཞུ་བ་འབུལ་དུས། པཱ་ལགས་ཀྱིས་ང་བྱ་ཚང་དུ་ཁྲིད་དེ་བྱ་ཕྲུག་མང་པོ་བསྟན་ནས། སྒོ་ང་རེ་རེའི་ཁོག་ཏུ་བྱ་ཕྲུག་རེ་རེ་ཡོད་པས། ང་ཚོས་སྒོ་ང་བཟས་ན་བྱ་ཕྲུག་མང་པོ་འབྱུང་མི་སྲིད། ང་ཚོས་སྔོན་ལ་བྱ་ཕྲུག་མང་ཙམ་གསོས་ཏེ། རྗེས་མ་བྱ་ཕྲུག་དག་གིས་ཀྱང་སྒོ་ང་གཏོང་བའི་དུས་ལ་སླེབས་དུས། ཁྱོད་ལ་སྒོ་ང་ག་ཚོད་དགོས་ཀྱང་སྟེར་ཆོག་གསུངས། ངས་ཀྱང་ངེད་ཚང་ལ་བྱ་དེ་མང་ཙམ་བྱུང་ན་ཅི་མ་རུང་ཨང་སྙམ་སྟེ་བྱ་ཕྲུག་དག་གང་མགྱོགས་ལོངས་རྒྱུར་རེ་སྒུག་བྱས། རྗེས་སུ་བྱ་ཕྲུག་དག་ལོངས་ནས་སྒོ་ང་གཏོང་བའི་དུས་སུ། ང་རང་སློབ་གྲྭར་ཡོད་པས། བྱ་ཕྲུག་དག་གིས་སྒོ་ང་གཏོང་མིན་ལ་སྣང་བ་གཏན་ནས་མ་བྱུང་།
བྱིས་དུས་སུ། སྣུམ་བཞུའི་འོད་མདངས་ཀྱི་འོག་ཏུ། པཱ་ལགས་ཀྱིས་ང་ལ་འདི་དང་འདི་འདྲ་བའི་གཏམ་རྒྱུད་མང་པོ་གསུངས་མྱོང་། ངའི་མ་རིག་པ་དང་། རྨོངས་ཚོད། བྱིས་པའི་མཚར་སྣང་གི་བསམ་བློས་པཱ་ལགས་ལ་དྲི་བ་ཇི་ཙམ་བཏོན་ཡང་། པཱ་ལགས་ནི་འཇིག་རྟེན་གྱི་དོན་དག་ཡོད་དོ་ཅོག་ལ་རྒྱུས་མངའ་ཡོད་པ་ལྟར། ངས་ཅི་ཞིག་དྲིས་ཀྱང་དེ་ལ་དེ་བསྟུན་གྱི་ལན་རེ་འདེབས་པར་བྱེད་ལ། ངས་བཏོན་པའི་དྲི་བར་ལན་རྒྱག་མི་ཐུབ་པའི་སྐབས་སུ། པཱ་ལགས་ཀྱིས་ང་ལ། ད་ལྟ་ཁྱོད་རང་ལོ་ན་གཞོན་གཞོན་ཡིན་པས། འཇིག་རྟེན་གྱི་བྱ་བ་མང་པོར་རྒྱུས་མངའ་ལོན་མི་སྲིད། གཅེས་ཕྲུག་རང་ཆེན་པོ་ཆགས་ན་ད་ལྟ་ལྐོག་གྱུར་དུ་གྱུར་པའི་གནས་ཚུལ་མང་པོ་རང་བཞིན་གྱིས་ཤེས་སྲིད་ཅེས་གསུངས། སྐབས་དེ་དུས་ངའི་བསམ་པར་མི་རྒན་པ་ཡིན་ན་འཇིག་རྟེན་གྱི་གསང་བ་ཐམས་ཅད་རྟོགས་ཀྱི་ཡོད་པ་རེད་ཨང་སྙམ་སྟེ། ང་རང་ཡང་གང་མགྱོགས་འཚར་ལོངས་བྱུང་ནས་མི་རྒན་པའི་དཔུང་གྲལ་དུ་ཚུད་པའི་འདུན་པ་དྲག་པོ་སྐྱེས་ཏེ། དུས་རྒྱུན་ཁོམ་པ་ཡོད་དུས་པཱ་ལགས་ལྟར་རྒྱབ་ལག་བཅས་ཏེ་འགྲོ་བ་དང་། སྐད་སྦོམ་པོས་སྐད་ཆ་ཤོད་སྟངས་སྦྱོང་བ། ཡར་འགྲོ་མར་འགྲོ་བྱེད་དུས་སྔོན་ཆད་ཇི་བཞིན་ལུ་གུ་ལྟར་ས་ལྡིང་གནམ་ལྡིང་མི་བྱེད་པར། དལ་དལ་ལྷོད་ལྷོད་ངང་འགྲོ་བ་སོགས་མི་རྒན་ཚོའི་ཟ་ལུགས་འགྲོ་ལུགས་སྡོད་ལུགས་དང་། ཐ་ན་ཁོ་ཚོའི་གཅིན་པ་གཏོང་སྟངས་ལའང་ལད་མོ་བྱེད་པར་ཐལ།
བྱིས་དུས་སུ། པཱ་ལགས་ཕྱོགས་ལ་ཐོན་རིམ་བཞིན། ངས་བྲག་གདོང་གི་རི་ཟུར་ལ་མིག་ཟུང་ཅེར་ནས། རི་ཟུར་ནས་ཨ་ཕའི་སྣང་བརྙན་འཆར་བར་བསྒུགས། སྐབས་དེ་དུས་བྲག་གདོང་ཞེས་པའི་མིག་གི་མཐོང་མཚམས་ཀྱི་རི་ཟུར་དེ་ནི་ངའི་སྣང་ངོར་ད་ལྟའི་གནམ་སའི་མཐའ་དང་ཨ་ན་མ་ན་ཡིན་ཞིང་། དུས་ཚོད་ཅེས་པའི་མགྲོན་པོ་དེའང་འཁར་བ་ཐོགས་པའི་བགྲེས་སོང་འཐེང་འགྲོས་ཤིག་དང་འདྲ་བར་ཅི་འདྲའི་འགྲོས་དལ་ཨང་།
གང་ལྟར་ཀྱང་། བྱིས་དུས་སུ། པཱ་ལགས་གམ་དུ་ཡོད་དུས། མགོ་ཐོག་གི་གནམ་བརྡིབས་ཀྱང་ང་ལ་ཞེད་སྣང་སྤུ་ཙམ་ཡང་སྐྱེ་མ་མྱོང་ལ། ངས་འཇིག་རྟེན་འདིའི་ངལ་དུབ་དང་བར་ཆད་ལ་སུན་སྣང་གཏན་ནས་སྐྱེས་མ་མྱོང་། པཱ་ལགས་འཁྲིས་སུ་ཡོད་དུས། མི་མེད་ལུང་སྟོང་གང་དུ་སླེབས་ཀྱང་། ང་རང་ལྟོགས་གྲིར་འཆི་མི་སྲིད་ཅིང་། ངའི་ལག་པ་ཆུང་ཆུང་ནམ་ཡང་གྲང་རླུང་གིས་གཙེས་མི་སྲིད་ལ། ངའི་སེམས་པ་སྐྲ་ལོ་བཞིན་འཛིང་དོགས་མེད།
བྱིས་དུས་སུ། ངས་པཱ་ལགས་ཀྱི་ལྷ་ལམ་ཡངས་མོའི་ངོས་སུ་རྨི་ལམ་གྱི་གཤོག་སྒྲོ་བརྐྱངས་ཏེ། རང་དགར་འཕུར་ལྡིང་ལ་རྩེན་པ་ཉུང་ཉུང་མིན་ལ། པཱ་ལགས་ཀྱི་ཞིང་ས་ནས་ང་ལ་འཆར་ཡན་གྱི་མེ་ཏོག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་འབུས་པའང་ཐེངས་གཅིག་གཉིས་མིན་པས། པཱ་ལགས་ནི་ངའི་ཡིད་ཀྱི་མངལ་ལམ་དུ་རྨི་ལམ་ལྟ་བུའི་མཚར་སྡུག་གི་ཁྱེའུ་མང་པོ་སྦྲུམ་སའི་འཇིག་རྟེན་འབའ་ཞིག་ཡིན་པ་ངས་ད་ལྟའང་གསལ་པོར་དྲན་གྱིན་འདུག
བྱིས་དུས་སུ། པཱ་ལགས་ཀྱིས་ངའི་ལག་ཆུང་ནས་བཟུང་སྟེ་རི་ཀླུང་ཐང་གསུམ་གང་སར་ངོ་མཚར་གྱི་ལྟད་མོ་སྣ་ཚོགས་ལྟ་བར་ཁྲིད་གནང་གིན་ཡོད་པས། ལྐོག་གྱུར་གྱིས་བསླད་པའི་འཇིག་རྟེན་ཁམས་འདིའི་ཀློང་དུ། ངས་འཆར་ཡན་དང་རྟོག་བཟོས་བཞེངས་པའི་སྒྱུ་འཕྲུལ་གྱི་ནམ་མཁར་རྨི་ལམ་གྱི་འཇའ་ཚོན་མང་དག་ལྷས་ཡོད་པ་རེད་ཨང་།