དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་རིག་གནས་ཤུལ་བཞག་ལྡུམ་རའི་ནང་། དུས་རབས་ཉམས་འགྱུར་མེ་ཏོག་རབ་ཏུ་བཞད།

    —— བོད་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཞིས་རྩེའི་ཚོགས་ར་གཙོ་བོའི་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་ཙི་ཡན། བཀྲ་ཤིས་དོན་གྲུབ། བསྟན་འཛིན་དགའ་བ།   |     སྤེལ་དུས།  2024-06-17

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་བྱེད་སྒོར་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་མཐུན་སྒྲིལ་ཐང་ཆེན་དུ་མང་ཚོགས་ཀྱིས་བོད་ཡིག་ཡིག་གཟུགས་ལ་ལྟ་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་བྱེད་སྒོ་སྤེལ་ཡུལ་དུ་ཐགས་མས་ལྷོ་པའི་རས་འཐག་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཚོང་འདུས་སུ་འགྲེམས་ཞུགས་ཚོང་དུད་ཀྱིས་རྒྱ་བྲའི་བག་ལེབ་བཟོ་བཞིན་པ།

    འདི་ནི་མངའ་རིས་ས་ཁུལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོར་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་འགོ་འཛུགས་མཛད་སྒོར་འཁྲབ་སྟོན་པས་ལྷ་རྩེའི་སྟོད་གཞས་འཁྲབ་བཞིན་པ།

    པར་འདི་དག་ནི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་པར་བླངས།

    ཟླ་6ཚེས་8ཉིན། 2024ལོའི་རང་སྐྱོང་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་དུ་སྤེལ་བ་རེད།

    མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་འགོ་འཛུགས་འཁྲབ་སྟོན་སྐབས། གཞིས་རྩེ་གྲོང་ཁྱེར་གྱི་འགོ་འཛུགས་འཁྲབ་སྟོན《རྔོན་པའི་འདོན》དང་། ནག་ཆུ་གྲོང་ཁྱེར་གྱི་སྐད་གདངས་ཉིས་སྦྲགས་ཀྱི་གླུ་གཞས《ནག་ཆུའི་ལ་གཞས》 མངའ་རིས་ས་ཁུལ་གྱི་གླུ་གར《སྒོར་རྩེད》 ལྷོ་ཁ་གྲོང་ཁྱེར་གྱི་གླུ་གར《ཡར་འབྲོག་སྒོར་གཞས》 ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་མདའ་གཞས་མཉམ་འཁྲབ《མདའ་མོ》 ལྷ་ས་གྲོང་ཁྱེར་གྱི་གླུ་གར《ཤེལ་རོང་འབྲོང་རྩེད》 རྒོད་གླིང་སྐད་གདངས་ཉིས་སྦྲགས《རྡོ་རྗེ་བྲག་སྟེང་གི་བྱ་གླག》ཅེས་པ་སོགས་ཀྱི་ལེ་ཚན་རིམ་པས་འཁྲབ་ནས་གྲོང་མི་དང་ཡུལ་སྐོར་བར་ནང་དོན་ཕུན་སུམ་ཚོགས་པའི་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

    གཞིས་རྩེ་གྲོང་ཁྱེར་ནི་བོད་ཀྱི་རིག་གནས་དར་ཡུལ་གྲས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་རྒྱུན་འཛིན་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པའི་དཔུང་ཁག་བརྟན་པོའི་ངང་འཕར་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཞུགས་པའི་འདུ་ཤེས་ཟབ་ཏུ་དང་སྤྲོ་སྣང་ཆེ་རུ་མངོན་གསལ་གྱིས་ཕྱིན་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཅས་བྱུང་བ་རེད། ད་ཆ་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་752ཡོད་པ་ས་ཁོངས་ཧྲིལ་པོར་སྤྱིར་ན་ཁྱབ་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རྣམ་གྲངས་671དང་འཐུས་ཚབ་རྒྱུན་འཛིན་པ་676ཡོད་པས། བང་རིམ་ལུགས་དང་མཐུན་པ་དང་། གཞི་ཁྱོན་འཚམ་པ། རྒྱུན་འཛིན་གོ་རིམ་ལྡན་པ་བཅས་ཀྱི་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་ཅིག་སྤྱིར་ན་གྲུབ་ཟིན་ནས་གྲོང་ཁྱེར་གྱི་གནས་རིམ་དང་མི་ཆོས་བསམ་བློ་གཉིས་ཆར་པ་ཆུ་གྲོགས་སུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བོད་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱེད་སྒོས“མངོན་མིན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱེད། ལོ་རྒྱུས་འཕེལ་རྒྱུན་རྒྱུན་ཆད་མེད་པར་སྐྱོང་། དུས་རབས་གསར་པའི་ལེའུ་གསར་གཏོད”“རིག་དངོས་སྲུང་སྐྱོང་དང་། ཤེས་དཔལ་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་ལས་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོམས་སྟོན་གྱིས་རྒྱ་ཆེའི་མང་ཚོགས་དང་། ཡུལ་སྐོར་བ། དྲ་གྲོགས་བཅས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཞུགས་པ་དང་སྲུང་སྐྱོང་ལས་བྱུང་བའི་གྲུབ་འབྲས་མཉམ་དུ་སྤྱོད་དུ་བཅུག་ནས་དམངས་ཡོངས་ཞུགས་པའི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ། རིག་གནས་ཀྱི་མོས་སེམས་ཆེ་རུ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་སྔར་བས་བཏང་ནས་མི་ཚང་མ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་ལ་ཞུགས་པའི་རྣམ་པ་གསོན་ཉམས་དོད་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།