མེ་ཏོག་ལྟ་བུའི་བུ་མོ།
ནེམ་ཞིང་འཇམ་པའི་སྤང་ཐང་དུ་མེ་ཏོག་མང་པོ་ཁྲ་ཆིལ་ལེར་བཞད། མེ་ཏོག་གི་བཞད་ཚུལ་ནི་དར་གོས་ལ་ཁྲ་རྒྱན་བཏབ་པ་བཞིན་ཧ་ཅང་མཚར། དཔྱིད་རླུང་བསིལ་བསིལ་དང་བསྡོངས་ནས་མགོ་ལྕོག་ལྡེམ་བཞིན་པའི་མེ་ཏོག་མཐོང་དུས། དྲན་པའི་ཡོལ་རས་ངོས་སུ་མེ་ཏོག་ལྟ་བུའི་བུ་མོ་ཞིག་གི་བཞིན་རས་འཆར་འོངས། ཚ་དུབ་དང་ཐན་སྐྱོན་སོགས་ཀྱིས་འཇིགས་པར་དཀའ་བའི་བཞིན་རས་དེས། ངའི་དྲན་ཤེས་དང་བརྩེ་དུང་གཉིས་ལ་མནར་གཅོད་ཡང་ཡང་བཏང་འོང་། དེ་དུས་ཁྱེད་ནི་ཞལ་ཁ་ཕྱེ་མེད་པའི་མེ་ཏོག་ཅིག་ཡིན་པས། ཞོགས་པའི་ཉི་ཟེར་འོག་ཁྱེད་ཀྱི་ལུས་སྟེང་གི་ཟིལ་པ་ལས་འོད་མདངས་རྣམ་པར་འཚེར་ཞིང་། བསིལ་རླུང་གི་ཁྲོད་དུ་ཁྱེད་ཀྱི་སྐུ་ལུས་ནས་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོངས། ཁྱེད་རང་སྦྲང་ཆར་དང་ཉི་ཟེར་ཁྲོད་དུ་ཞལ་ཁ་ཕྱེ་དུས། བུང་བ་དང་ཕྱེ་ལེབ་མང་པོ་ཁྱེད་ཀྱི་ལུས་ཐོག་ཏུ་གར་ལ་རྩེན་བཞིན་འདུག ཁྱེད་ནི་ངའི་བརྩེ་དུང་གི་མཚོ་མོ་སྐྱོམ་པའི་གྲུ་ཆུང་དེ་ཡིན་པས། དེ་དུས་ང་ནི་གསེར་སྦྲང་ཞིག་ལྟར་ཁྱེད་ཀྱི་མཐའ་འཁོར་དུ་ལྡིང་ཞོར་ཁྱེད་ཀྱི་ཟེའུ་འབྲུ་འཐུ་འདོད་སྐྱེས།
དོན་དམ་དུ། ལོ་ཟླས་བཞག་པ་ནི་འགུལ་ཞིང་གཡོ་བའི་འཚོ་བའི་བར་མཐོངས་ཤིག་ཡིན་ཡང་། འགུལ་མེད་རྡོ་བརྐོས་རི་མོ་ལས་སྲ་བ་ནི་ངས་ཁྱེད་ལ་བཅངས་པའི་བརྩེ་དུང་རྣལ་མ་དེ་ཡིན་པས། འདས་སོང་གི་ལོ་ཟླར་ཆགས་པའི་སེམས་པ་འདིས། སྐབས་རེ་རང་ཉིད་མེ་རུ་འབར་ཞིང་སྐབས་རེ་རང་ཉིད་འཁྱག་རྡོག་ལ་བསྒྲིལ་ཏེ། མཐའ་ཡས་པའི་ནམ་མཁའི་མཐོངས་སུ། གློག་དམར་བཞིན་དུ་འཁྱུག་ཅིང་སེར་བ་བཞིན་དུ་འབབ་འདོད། སྦྲ་གུར་དང་ལུག་ཁྱུ། མེ་ཏོག་དང་ཆུ་ཕྲན། སྤྲིན་དཀར་དང་འཇའ་ཚོན་སོགས་འགུལ་བཞིན་པའི་ནམ་དུས་ཀྱི་མཛེས་རིས་དེ་དག་གི་ཁྲོད་དུ། ཁྱེད་ནི་ངའི་སེམས་ཁོང་གི་འགྱུར་བ་མེད་པའི་དད་རྟེན་དེ་ཡིན་པས། ངའི་བསམ་པར་ཁྱེད་ནི་འདམ་ལས་སྐྱེས་ཀྱང་འདམ་གྱི་གཡའ་དང་བྲལ་བའི་པད་མ་དཀར་པོ་ཁོ་ནར་འདོད།
དུས་བཞིའི་གོམ་པའི་འདེགས་འཇོག་དང་བསྟུན་ནས། རི་ཀླུང་ཐམས་ཅད་ཀྱི་ངོ་མདོག་རིམ་གྱིས་འགྱུར་དུས། ངས་ལུག་ཁྱུ་འཚོ་ཞོར་སྤང་རྒྱན་མེ་ཏོག་གི་མགུལ་རྒྱན་ཞིག་བསླས་ཏེ། ནམ་དུས་དེའི་ལྷ་མོ་འདྲ་བའི་སེམས་ཁོང་གི་ཁྱེད་ལ་སྒྲོན་འདོད་སྐྱེས། གྲང་ངར་འཕེལ་སོང་། མེ་ཏོག་རྙིད་སོང་། ཁུ་བྱུག་ཀྱང་ཐག་རིང་མོན་ཡུལ་དུ་ཕེབས་སོང་། ངས་འགྱུར་མེད་ཀྱི་བརྩེ་བ་ཟབ་མོ་ཞིག་བཅངས་ཏེ། གྲང་རླུང་གི་ཁྲོད་དུ་ཁྱེད་རང་དྲན་བཞིན་ཡོད་ལ། ལྷབ་ལྷབ་ཏུ་འབབ་པའི་ཁ་བའི་ཁྲོད་ནས་ཀྱང་ཁྱེད་རང་དྲན་བཞིན་ཡོད། དེ་དུས་ངའི་དྲན་སྣང་དུ་རླུང་བུ་འཇགས་རྗེས་ཀྱི་སྤང་ཐང་ནས། མེ་ཏོག་ལྟར་འཛུམ་པའི་ཁྱེད་རང་ངའི་ཕྱོགས་སུ་རྒྱུག་ནས་ཡོང་བ་དང་། ཁ་བའི་འདབ་མ་གཡོ་བའི་ལམ་ཟུར་ནས་ཁྱེད་ཀྱིས་ང་ཡི་ཕྱོགས་ལ་གཡབ་མོ་བྱེད་ཀྱིན་ཡོད་སྣང་ཤར།
རིང་རིང་བའི་དུས་ཚིགས་དེ་དང་ནམ་ཟླ་དེ་དག་ལ། སྙན་མོའི་རྫི་གླུ་ཞིག་གིས་གཉིད་ལས་སློང་མཁན་ནི་ཁྱེད་རང་ཡིན་ལ། ངའི་སྐྱིད་པའི་རྨི་ལམ་དཀྲོག་མཁན་ཡང་ཁྱེད་རང་རེད། ནམ་ཉིན་ཀུན་ཏུ་ང་ཡི་སེམས་ཁོང་ན། ཁྱེད་རང་སྔར་བཞིན་བཞད་མ་ཐག་པའི་མེ་ཏོག་མཚར་པོ་དེ་ཡིན་པས། ངས་ཉིན་མཚན་དུས་དྲུག་གི་བར་མཚམས་ནས། འཇའ་ཚོན་ལྟ་བུའི་ཁྱེད་ཀྱི་ལང་ཚོ་མཐོང་བར་རེ་བཞིན་ཡོད་ལ། ཁུ་བྱུག་ལྟ་བུའི་ཁྱེད་ཀྱི་སྙིང་གཏམ་ཐོས་རྒྱུར་སྒུག་བཞིན་ཡོད། དེ་ལྟར་མེ་ཏོག་ལྟ་བུའི་ཁྱེད་རང་ངའི་སེམས་ཁོང་ན་འཇའ་ཚོན་བཞིན་དུ་བཀྲ་བས། ནམ་ཉིན་དང་དབྱར་དགུན་གང་གི་དུས་སུའང་ང་ལ་སྐྱོ་སྣང་དང་ཁེར་རྐྱང་གི་སྣང་བ་གཏན་ནས་ཡོད་མ་མྱོང་།
རྩྭ་ཐང་ནི་ཁྱེད་ཀྱི་ལང་ཚོ་བཞིན་མཚར་ཞིང་ཁྱེད་ཀྱི་སེམས་ཁམས་ལྟར་ཡངས་པའི་གནས་མལ་འཇམ་པོ་དེ་ཡིན་པས། ཡངས་པའི་རྩྭ་ཐང་དུ་ངས་ལུག་ཁྱུ་འཚོ་ཞོར་དང་ཁྱེད་རང་དྲན་ཞོར། འབྱུང་འགྱུར་གྱི་གནས་མལ་ཞིག་ལ་ཚོན་མདོག་བྱུག་བཞིན་ཡོད། མེ་ཏོག་དང་ནོར་ལུག་གིས་བརྒྱན་པའི་རྩྭ་ཐང་འདིར། ངས་དབྱར་གྱི་དྲག་ཆར་དང་། དགུན་གྱི་གྲང་ངར། གནམ་གྱི་རྒྱ་ཁྱོན་དང་། རྒྱ་མཚོའི་ཟབ་ཡངས་སོགས་ཐམས་ཅད་སྣང་མེད་དུ་བསྐྱུར་ཏེ། འཇའ་ཚོན་དང་འོད་སྣང་གི་ཁྲོད་དུ་ལྷ་མོ་བཞིན་མཛེས་པའི་ཁྱེད་ཀྱི་ཕྱོགས་ལ་ལྷག་བསམ་འོ་དཀར་ལྟ་བུའི་མཛའ་གཅུགས་ཀྱི་གསེར་ཟམ་ཞིག་སྐྲུན་ཆོག་ལ། ཞིམ་མངར་བདུད་རྩི་ལྟ་བུའི་མཛའ་གླུ་ཞིག་ཀྱང་བླངས་ཆོག དེ་དུས་ངས་ནམ་དུས་ཇེ་འཁྱག་ལ་འགྲོ་བར་སྐྲག་མ་མྱོང་ལ། ཆུ་མོ་དར་གྱིས་བསྡམས་པར་ཡང་ཞེད་མ་མྱོང་། དེ་དུས་ངའི་དྲན་ཤེས་ཀྱི་སྤང་ཐང་དུ་ཆེས་མཛེས་པ་ནི་དབྱར་གཞུང་གི་མེ་ཏོག་བཞིན་ལྷུག་པོར་བཞད་པའི་ཁྱེད་ཀྱི་འཛུམ་ཞལ་དང་། ངའི་སེམས་ཁོང་དུ་ལང་ལོང་དུ་འཕྱོ་བ་ནི་ཁྱེད་ལ་བཅངས་པའི་བརྩེ་དུང་གི་རྦ་རླབས་དྲག་པོ་དེ་རེད།
ད་ནི་དགུན་ཁ་ཤར་སོང་། གྲང་རླུང་གི་ཁྲོད་དུ་རྩྭ་ཐང་གི་བཞིན་མདངས་སྐྱ་བོར་གྱུར་འདུག ནམ་དུས་འདིར་འགྱུར་བཞིན་པ་ནི་རྩྭ་ཐང་གི་ཁ་དོག་ཁོ་ན་མ་རེད་དེ། ཁྱེད་ཀྱི་བརྩེ་དུང་གི་མཚོ་མོའང་རེ་ཞིག་དར་གྱིས་བསྒྲིབས་ནས། ངའི་རྣམ་དཀར་གྱི་ངང་པ་འབབ་སའི་གནས་ཤིག་མེད་དུས། ཐག་རིང་ནས་ཡང་ཡང་ལྡང་བའི་དགུན་རླུང་གྲང་མོས། ངའི་སེམས་པ་འཁྱག་ཅིང་སྙིང་ཁ་འདར་འོངས། སེམས་པ་འཁྱག་དུས་ལུས་པོའང་འཁྱག་བྱུང་། ལུས་པོ་འཁྱག་དུས་ཁོར་ཡུག་དང་འཇིག་རྟེན་ཧྲིལ་པོ་གོར་མ་རྡོ་ལྟར་འཁྱག་སིབ་སིབ་བྱེད། དེ་དུས་ངས་བརྩེ་དུང་ནི་རྣོ་ངར་ཆེ་བའི་རལ་གྲི་ཞིག་དང་། མཐོན་པོའི་བྲག་རི་ཞིག་ལྟར་སྲ་ཞིང་བཙན་པ་ཞིག་ཡིན་པ་ཤེས་ཏེ་དབུགས་རིང་ཡང་ཡང་གཏོང་བར་ཐལ།
མུན་པའི་སོ་ཁ་ནས་འཕྲོག་མི་ཐུབ་པ་སྐར་འོད་དང་། དགུན་རླུང་གི་གསེབ་ཏུ་ཉར་མི་ཐུབ་པ་ནི་མེ་ཏོག་གི་མཛེས་པ་ཡིན་པ་ཇི་བཞིན། ཁྱེད་ཀྱི་རུམ་ཁ་ནས་བོར་བའི་ངའི་བརྩེ་དུང་གི་དྲོད་སྣང་རིམ་གྱིས་ཡལ་དུས། ངའི་ནང་སེམས་ཀྱི་འཇིག་རྟེན་འདི་ཁ་བ་དང་བ་མོས་རབ་ཏུ་མནན་པའི་དགུན་དུས་ཀྱི་རྩྭ་ཐང་སྐྱ་བོར་འཁུ། ཁྱེད་མེད་པའི་དགུན་དུས་འདིར། ང་རང་གཤོག་པ་རྨས་པའི་ཁྲུང་ཁྲུང་བཞིན་ནམ་འཕང་གཅོད་ཐབས་མི་འདུག་ལ། སྒྲོག་གིས་བཅིངས་པའི་རྟ་ཕོ་བཞིན་དུ་བང་རྩལ་ངོམ་ཐབས་མི་འདུག ན་ཟུག་གིས་གཙེས་པའི་ང་ཡི་སེམས་ལ་ཉི་འོད་མེད་དུས། ང་ནི་སྨུག་སྤྲིན་གྱི་ཀློང་དུ་ཐིམ་པའི་ལུག་རྫི་ཇི་བཞིན་ཁ་ཕྱོགས་མེད་པར་རང་སར་ལུས། གལ་སྲིད་བརྩེ་དུང་ནི་སེར་སྣས་བཅིངས་པའི་བདག་འཛིན་དེ་ཡིན་ན། ང་རང་ནི་རྔོན་པའི་མདའ་མོ་ཕོག་པའི་རི་སྤྱང་རྨས་མ་དེ་ཡིན་སྲིད། གལ་སྲིད་ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ནི་ནོར་འཁྲུལ་ཞིག་ཡིན་པའི་དབང་དུ་བཏང་ན། ང་ནི་རྡོག་ཁྲེས་ལྕི་མོ་ཞིག་གིས་ཡོངས་སུ་མནན་པའི་ལམ་ནོར་ཐེབས་པའི་འགྲུལ་པ་ཁེར་འགྲོ་དེ་ཡིན་སྲིད།
བུ་མོ། ངའི་སེམས་ཁོང་གི་ལྷ་མོ། ཁྱེད་ནི་ངའི་སྙིང་ཁོང་དུ་ལྷུག་པོར་བཞད་པའི་མེ་ཏོག་དེ་ཡིན་ཡང་། ང་གཉིས་ལ་ཁྱིམ་ཚང་དྲོན་མོ་ཞིག་ཏུ་མཉམ་འདུག་མཉམ་གཤིབ་བྱེད་པའི་ལས་སྐལ་མེད་པས། ད་ནི་ངས་ལས་འཕྲོ་ཟད་པའི་རྩྭ་ཐང་གི་ཁྱོན་ལ་རྒྱང་ལྟ་བྱེད་ཞོར། མ་འདོད་བཞིན་དུ་ཁྱེད་དང་གྱེས་དགོས་བྱུང་།