དུང་སེམས་རླབས་ཀྱི་ཟེགས་མ།
སེམས་ཀྱི་ཟེའུ་འབྲུ་ནང་དུ་བཞད་ཀྱང་། །
དགའ་སྐྱོའི་རྣམ་འགྱུར་འདབ་མར་ཤར་འདུག །
ལོ་ཆུང་རྫི་བོར་དུང་སེམས་ཡོད་ན། །
བུང་བ་ཇི་བཞིན་སྦྲང་རྩི་འཇོག་རོགས། །
གཡུ་སྦྲང་བུང་བས་སྦྲང་རྩི་གསོག་པར། །
འཕུར་ལྡིང་བརྒྱ་སྐོར་སྟོང་སྐོར་བྱེད་ན། །
ན་གཞོན་ལང་ཚོའི་བརྩེ་དགའ་འཚོལ་བར། །
བརྩེ་བ་བརྒྱ་མྱོང་སྟོང་མྱོང་ལོས་བྱེད། །
ཆུ་ཁར་བཞད་པའི་མེ་ཏོག་མཛེས་ཆུང་། །
གསེར་མིག་ཉ་ལ་དབང་བར་འདོད་ན། །
ལས་ཀྱིས་བཞུར་བའི་རྒྱུག་ཆུ་སྔོན་མོར། །
ཚིག་གསུམ་གཏམ་གྱི་སྙིང་གཏམ་ཞུས་དང་། །
གཤོག་རྩལ་མ་རྒྱས་ཡུན་རིང་སོང་ཡང་། །
ཐོག་ཁའི་བྱེའུ་ཕྲུག་སྐྱོ་སྐྱོ་མ་གནང་། །
ནམ་ཞིག་འཕུར་བའི་ཁོ་ལག་རྒྱས་ཚེ། །
ས་མཐའི་བྱ་དང་རྒྱང་ཐག་མི་རིང་། །
ཐག་འཁྱུད་བུ་མོར་འཐད་པ་ཡོད་ཀྱང་། །
རྒྱུད་སྐུད་ཕྲ་མོའི་ཡར་འདྲེན་མི་འདུག །
ན་ཆུང་བུ་མོ་འགྲོ་བསམ་ཡོད་ཀྱང་། །
ཕ་མ་གཉིས་ཀྱི་བཀའ་འཁྲོལ་མི་འདུག །
ཡིད་ལ་སྦས་པའི་གསང་གཏམ་མེད་ན། །
ཆུང་འདྲིས་བྱམས་པར་གཡོལ་དགོས་མི་འདུག །
རླུང་གིས་བསྐུལ་བའི་གཡབ་མོ་མིན་ན། །
ཐོག་ཁའི་དྲིལ་ཆུང་འགུལ་དོན་མི་འདུག །
ཧ་ཅང་སེམས་ལ་འཐད་པ་མེད་ན། །
བརྩེ་བ་ཡོད་ཚད་བཅངས་དོན་མི་འདུག །
སེམས་པ་ཕར་ལ་ཤོར་བ་མེད་ན། །
སེམས་གཅོང་ཚུར་ལ་ཡོང་དོན་མི་འདུག །