དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁ་བ་ལྷབ་ལྷུབ་ཏུ་འབབ་ཚེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-09

    ཁ་བ་ནི་དཀར་ཞིང་གཙང་ལ་དྲི་མས་མ་སྦགས་པའི་དཀར་གཙང་གི་ཁ་བཏགས་དང་འདྲ་བར། དགུན་ཟླ་གསུམ་གྱི་རྒྱན་དུ་གྱུར། ཁ་བ་ནི་མི་རྣམས་ལ་དགའ་སྤྲོའི་ཉམས་སྣང་བསྐྱེད་པའི་མིག་ཆུ་འདྲ།

    ཞོགས་པ་སྔ་པོར་ལངས་ཏེ་སྒེའུ་ཁུང་གི་ཁྲ་ཡོལ་འཐེན་པ་ན། དཀར་ཞིང་དྲི་མ་མེད་པའི་ཁ་བའི་འདབ་མ་ནམ་མཁའི་མཐོངས་ནས་ལྷབ་ལྷུབ་ཏུ་འབབ་བཞིན་འདུག་ཅིང་། ནོར་འཛིན་བུ་མོའི་ཁྱོན་ཀུན་དངུལ་དཀར་གྱི་འཇིག་རྟེན་གསར་པ་ཞིག་ཏུ་གྱུར་བས། ཡིད་ལ་བག་ཕེབས་ཉམས་བདེའི་ཚོར་བ་ཞིག་ངང་གིས་སྐྱེས་པ་དང་། རང་ཉིད་ཆུ་ཤེལ་ནོར་བུའི་ཕོ་བྲང་ཞིག་ཏུ་གནས་པ་ལྟ་བུའི་ཚོར་སྣང་ཞིག་གིས་ནང་སེམས་ཀྱི་དགའ་སྤྲོ་གནོན་ཐབས་བྲལ། བདག་གིས་དེ་ལྟར་ལྭ་བ་མཐུག་པོ་ཞིག་གྱོན་ནས་ཁང་པའི་ཕྱི་རོལ་དུ་ཕྱིན་པས། མ་གཞི་གྲང་རླུང་ངར་མས་ལུས་སེམས་ཀྱི་ཁྱོན་ལ་གྲང་ཅང་ཅང་གི་ཚོར་བ་སྐྱུར་མོ་ཞིག་སྦྱིན་ཡང་། ཁ་བའི་ཀློང་གི་རི་ཀླུང་ཐང་གསུམ་གྱི་མཛེས་པར་ལྟ་འདོད་ཀྱི་འགྲམ་ཆུ་ལྡང་བས། ངས་ཀྱང་གྲང་ངར་ལ་སྣང་བ་གཏན་ནས་མ་བཏང་།

    རྒྱ་ཆེ་ཞིང་ཁོད་ཡངས་པའི་སྤང་ཐང་ནི་དངུལ་དཀར་གྱི་མེ་ལོང་ཞིག་དང་འདྲ་ཞིང་། གྱ་གྱུར་འགྲོ་བའི་ཉལ་འགྲོ་མ་ནི་དར་གོས་རིང་པོ་ཞིག་བཏིང་པ་དང་དབྱེར་མ་མཆིས། ལྗོན་ཤིང་གི་ལོ་མ་སེར་པོ་འགའ་རེ་རླུང་གི་གཡོ་ཕྱོགས་དང་བསྟུན་ནས་ཕར་ལྡིང་ཚུར་ལྡིང་བྱེད་བཞིན་པ་ནི་བྱ་བྱིའུ་རྣམས་རང་དགར་འཕུར་ལྡིང་བྱེད་པ་དང་ཀུན་ནས་མཚུངས། ལམ་ཕྲན་དུ་གསལ་ལ་མི་གསལ་བའི་རི་མོ་ལྟ་བུའི་རྐང་རྗེས་འགའ་མཐོང་བས། ངའི་ཡིད་ངོར། “ཁ་བ་མར་མར་འབབ་དུས། ང་ཡི་འགྲོ་ལམ་བཀག་སོང་། དྲིན་ཆེན་ཕ་མ་གཉིས་ལ། དྲན་པའི་ཚིག་གསུམ་བསྐུར་ཡོད། དགུན་གྱི་དུས་སུ་ཕེབས་པའི། ཁྲུང་ཁྲུང་ལྷོ་ལ་འཕུར་སོང་། ང་ཡི་ཆུང་འདྲིས་བྱམས་པ། རྒྱང་རིང་ཕྱོགས་སུ་བཞུད་སོང”ཞེས་པའི་གཞས་ཚིག་འདིའང་ངང་གིས་དྲན་འོང་ལ། ཁ་བའི་གཙང་ཞིང་དྲི་མ་བྲལ་བའི་རང་བཞིན་དང་། མཛེས་ཤིང་ལྟ་ན་སྡུག་པའི་ཁ་དོག ངོ་མཚར་བློ་ལས་འགོངས་པའི་ཁྱད་ཆོས་ལ་བསྟོད་པའི་སྙན་ངག་དུམ་བུ་ཞིག་ཀྱང་དེ་མ་ཉིད་དུ་འབྲི་འདོད་ཀྱི་སེམས་བྱུང་ཞིག་ངང་གིས་སྐྱེས་བྱུང་།

    (ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་སྒྲོལ་མ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།