“ལྷ་སའི་བཟོ་བོ”ནོར་བུས་བརྗོད་དོན།
འཚེམ་དྲུབ་ཐང་ག་བཞེངས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཀྱི་ཡིན།
ནོར་བུ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ལྷ་སའི་འཚེམ་དྲུབ་ཐང་གའི་རྒྱུན་འཛིན་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ཚན་པ་སྟེ། “ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས”ཀྱི་འགན་འཁུར་བ། རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ། བོད་ཀྱི་རིམ་པ་དང་པོའི་འཚེམ་དྲུབ་ཐང་གའི་ལག་རྩལ་ཆེ་མོ་བ། ལྷ་སའི“སྐབས་དང་པོའི་བཟོ་བོ”བཅས་ཡིན་ཞིང་། ཁོང་གི《དཔལ་ལྡན་ལྷ་མོ》སོགས་ཐང་གའི་བརྩམས་ཆོས་མང་པོར་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་རིང་བྱ་དགའ་མང་པོ་ཐོབ་ཡོད། ལོ་མང་རིང་། ནོར་བུས་ས་གནས་དེ་གའི་གྲོང་མི་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་པ་མ་ཟད། འཚེམ་དྲུབ་ཐང་ག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གར་སྟེགས་བསྐྲུན་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་གསོན་ཤུགས་སྦྱིན་ཡོད།
ནོར་བུ་ལོ་13ལ་སླེབས་སྐབས་སེ་ར་དགོན་པའི་འཚེམ་དྲུབ་ཐང་གའི་དགེ་རྒན་བློ་བཟང་ལེགས་སྒྲུབ(འདས་ཟིན་པ)ཀྱི་དྲུང་ནས་འཚེམ་དྲུབ་ཐང་གའི་ལག་རྩལ་སྦྱངས་ཤིང་། “2006ལོར་ང་ཚོས་ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་བཙུགས་ནས་འཚེམ་དྲུབ་ཐང་ག་བཞེངས་པ་ཡིན། ང་ཚོས་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་རིག་གནས་ཀྱི་སྙིང་བཅུད་གང་ལེགས་མངོན་པར་བྱས་ཏེ་གཙོ་བོ་འཚེམ་དྲུབ་ཐང་ག་དང་། གུར། ལྷ་མོའི་འཁྲབ་ཆས། ཡུལ་སྐོར་དྲན་རྟེན་དངོས་པོ་སོགས་བཟོ་གི་ཡོད”ཅེས་ནོར་བུས་བཤད།
རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱུན་འཛིན་ཁྲོད་ནོར་བུས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པ་བརྗེད་མེད། ཁོང་གིས་སྔ་རྗེས་སུ་དགེ་ཕྲུག་40ལྷག་ཙམ་བསྡུས་ནས་འཚེམ་དྲུབ་ཐང་ག་བཞེངས་སྟངས་བསླབས་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད།
འབྱུང་འགྱུར་གྱི་སྐོར་གླེང་སྐབས་ནོར་བུས་ལོ་ལྟར་འཚེམ་དྲུབ་ཐང་གའི་གསོ་སྦྱོང་མུ་མཐུད་གཉེར་ནས་ལག་རྩལ་དེ་མ་ཉམས་གོང་འཕེལ་གཏོང་གི་ཡིན་ལ། ལག་རྩལ་གཞན་དག་གི་སྒྱུ་རྩལ་པ་དང་སྤེལ་རེས་ཧུར་ཐག་བྱས་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱས་ཏེ་འཚེམ་དྲུབ་ཐང་ག་དེ་བས་མང་བ་བཞེངས་ཀྱི་ཡིན་ཞེས་བཤད།