“རྒྱུད་གཅིག་ལམ་གཅིག”གི་རྒྱབ་ལྗོངས་འོག《ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག》སྐོར་གླེང་བ།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྨེ་རུ་ཚེ་རིང་དོན་གྲུབ་ལ་བཅར་འདྲི་ཞུས་པ།
འདི་ནི《ཐང་སན་ལམ་ཡིག》གི་ལོ་ཙཱ་བ་རྨེ་རུ་ཚེ་རིང་དོན་གྲུབ་ཀྱིས་འབྲེལ་ཡོད་དཔྱད་གཞི་འཚོལ་བཞིན་པ།
འདི་ནི་རྨེ་རུ་ཚེ་རིང་དོན་གྲུབ་ཀྱི་འགྱུར་འབྲས《ཧྥ་ཤན་ལམ་ཡིག》དང《ཐང་སན་ལམ་ཡིག》ཡིན་པ།
འདི་ནི་རྨེ་རུ་ཚེ་རིང་དོན་གྲུབ་དང་གསར་འགོད་པས་ཁོང་གི་འགྱུར་འབྲས་སྐོར་ལ་བགྲོ་གླེང་བྱེད་བཞིན་པ།
བཅར་འདྲི་བྱ་ཡུལ་ངོ་སྤྲོད། རྨེ་རུ་ཚེ་རིང་དོན་གྲུབ་ལགས་ནི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་ཁག་ལ་ཞིབ་འཇུག་གནང་ཞོར་དུ་དགའ་དད་སྤྲོ་གསུམ་གྱིས་ཡིག་སྒྱུར་ལས་ལ་གཞོལ་མཁན་ཞིག་རེད། ཁོང་2006ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་ལོན་པ་དང་། ལོ་གསུམ་རིང་རྣམ་དཔྱོད་ཀྱི་སྒོ་མོ་རབ་ཏུ་ཡངས་པའི་རྒན་འཕྲིན་ལས་ཆོས་གྲགས་ཀྱི་གམ་ནས་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་ལ་སློབ་གཉེར་བྱས་ཏེ་འབྲས་རྟགས་སུ་བོད་ཀྱི་ལོ་ཆེན་རིན་ཆེན་བཟང་པོའི་མཛད་རྣམ་སྐོར་ལ་ཞིབ་འཇུག་བྱས་ནས་མཐར་ཕྱིན་དཔྱད་རྩོམ་གྱི་དམ་བཅའ་ཕུལ་བ་དང་། མི་རིང་བར《ལོ་ཆེན་རིན་ཆེན་བཟང་པོའི་མཛད་འཕྲིན་ཞིབ་མོ་རྣམ་འབྱེད》ཅེས་པ་དཔེ་སྐྲུན་བྱས། 2014ལོར་སྙན་ཞུ་ཕུལ་བའི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ་ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག་ཅེས་པའི་རྣམ་གྲངས་ལ་ཆོག་མཆན་ཐོབ་ནས་ཞིབ་འཇུག་གི་དཔྱད་འབྲས་དཔེ་དེབ་དེ་2018ལོར་དཔེ་སྐྲུན་བྱས་པ་དང་། 2018ལོར་སྙན་ཞུ་ཕུལ་བའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ། ཧྥ་ཤན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག་ཅེས་པའི་རྣམ་གྲངས་ལ་ཆོག་མཆན་ཐོབ་ནས་ཞིབ་འཇུག་གི་དཔྱད་འབྲས་དཔེ་དེབ་དེ་2023ལོར་དཔེ་སྐྲུན་བྱས། ཁོང་གིས་ལས་ཞོར་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ཀྲུང་གོའི་བོད་རིག་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། བོད་ལྗོངས་ཞིབ་འཇུག་སོགས་ཀྱི་དུས་དེབ་ཐོག་དཔྱད་རྩོམ་མང་དག་ཅིག་སྤེལ་ཡོད། མིག་སྔར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་འབུམ་རམས་པའི་སློབ་གནས་ལ་སློབ་གཉེར་བྱེད་བཞིན་མཆིས།
གསར་འགོད་པ། རྨེ་རུ་ཚེ་རིང་དོན་གྲུབ་ལགས། སྐུ་ཁམས་བཟང་། ཐོག་མར་ཁྱེད་རང་གིས་ལས་ཀའི་བར་གསེང་ནས་ད་ཐེངས་ཀྱི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་གིས་བརྩམས་པའི་གསུང་རྩོམ་མི་ཉུང་བ་ཞིག་ཡིག་སྒྱུར་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག་པས། ཐོག་མར《ཐང་སན་ལམ་ཡིག》གི་ཡིག་སྒྱུར་དང་ལས་འབྲེལ་ཇི་ལྟར་བྱུང་ཚུལ་སྐོར་རགས་ཙམ་ཞིག་གསུང་རོགས།
རྨེ་རུ་ཚེ་རིང་དོན་གྲུབ། 1994ལོར་རང་ཉིད་ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭར་འགྲོ་སྐབས་རྒྱ་ཡིག་ཆེད་ལས་སྦྱོང་བའི་གོ་སྐབས་བྱུང་བ་དང་། སློབ་གྲྭ་ཐོན་རྗེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀ་བྱས་པ་ཡིན། སྐབས་དེ་དུས་ལས་ཀའི་དགོས་དབང་གིས་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ལ། ལས་ཀའི་ཞོར་དུ་ཡིག་སྒྱུར་གྱི་ལས་ཀ་མང་དག་ཅིག་བྱེད་ཀྱི་ཡོད། དེ་ནས་དངོས་གཞིའི་སློབ་གནས་ལ་སློབ་གཉེར་བྱེད་སྐབས་རང་ཉིད་ཀྱི་ཆེད་ལས་སྔར་བཞིན་རྒྱ་ཡིག་ཡིན། 2006ལོར་རང་ཉིད་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྒྱ་བོད་ཡིག་སྒྱུར་ཆེད་ལས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་ལོན་རྗེས། བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་འཕྲིན་ལས་ཆོས་གྲགས་ཀྱི་དྲུང་ནས་རྒྱ་བོད་ཡིག་སྒྱུར་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་བྱུང་། སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱིས་མཁས་དབང་ཅིད་ཤན་ལིན(季羡林)གི་གསུང་རྩོམ་ལྟ་ཀློག་མང་པོ་བྱེད་ཀྱི་ཡོད། ཁོང་གི་གསུང་རྩོམ་ཁྲོད་དུ《ཐང་སན་ལམ་ཡིག》ཅེས་པའི་སྐོར་གླེང་དུས་རང་ཉིད་ཀྱི་དྲན་པའི་ཀློང་དུ་ལམ་ཡིག་དེ་དམིགས་བསལ་ཞིག་ཏུ་མཐོང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་དུ་ལམ་ཡིག་མང་དག་ཅིག་བྱུང་ཡོད་ཀྱང་། ལམ་ཡིག་ཁག་ཕན་ཚུན་དཔྱད་བསྡུར་བྱས་ནས། ཨེ་ཤེ་ཡ་དབུས་མ་དང་ལྷོ་མའི་སྣོད་བཅུད་ལ་རྒྱུས་ལོན་བྱེད་དུས《ཐང་སན་ལམ་ཡིག》དང《ཧྥ་ཤན་ལམ་ཡིག》གི་ཁྲོད་དུ་དེ་དག་ཁ་གསལ་འཁོད་ཡོད་པ་དང་། ལམ་ཡིག་དེ་གཉིས་དུས་ཀྱི་ཆ་ནས་ཀྱང་སྔ་བ་ཡིན་པས་རིན་ཐང་ཤིན་ཏུ་ཆེ། སྐབས་སུ་བབས་པའི《ཐང་སན་ལམ་ཡིག》ལ་མཚོན་ན། རང་ཉིད་ཤེས་རམས་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་རྗེས་མི་རིང་བར་བོད་ལྗོངས་སྤྱི་ཚོགས་ཚན་ཁང་དུ་ལས་སྒྱུར་ཐུབ་པ་དང་། ཐང་སན་ལམ་ཡིག་གསར་སྒྱུར་དང་ཞིབ་འཇུག་ཅེས་པ་དེ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞིའི་རྣམ་གྲངས་གྲས་སུ་ཚུད་སོང་། དེ་ནས་བཟུང་རང་ཉིད《ཐང་སན་ལམ་ཡིག》གི་ཡིག་སྒྱུར་དང་ལས་འབྲེལ་ཟབ་མོ་བྱུང་།
གསར་འགོད་པ། སོག་པོའི་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ཐང་སན་བླ་མ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ལ་བསྐྱོད་དེ་མཐོང་ཐོས་མྱོང་གསུམ་གསལ་པོར་བཀོད་པའི《大唐西域记》(ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ)ཞེས་པ་བོད་ཡིག་ཏུ་མ་བསྒྱུར་བའི་སྔོན་ལ་གཞན་གྱིས་ལམ་ཡིག་དེ་ཆ་ཚང་ངམ་ཆ་ཤས་ཤིག་བསྒྱུར་མྱོང་ཡོད་དམ།
རྨེ་རུ་ཚེ་རིང་དོན་གྲུབ། དུས་རབས་18པའི་ནང་དུ་བྱོན་པའི་སོག་པོའི་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས《ཐང་སན་ལམ་ཡིག》བོད་ཡིག་ཏུ་བསྒྱུར་གནང་བ་རེད། དེ་ནི་ད་ཕན《ཐང་སན་ལམ་ཡིག》གི་བོད་འགྱུར་མ་གཅིག་པུ་དང་། དུས་ཀྱི་ཆ་ནས་བརྗོད་ན་སྐད་ཡིག་གཞན་པར་བསྒྱུར་བ་ཆེས་ཐོག་མ་དེའང་ཡིན་པར་ངེས།
གསར་འགོད་པ། ཁྱེད་རང་གིས《ཐང་སན་ལམ་ཡིག》མ་བསྒྱུར་བའི་སྔོན་དུ་སོག་པོའི་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ལམ་ཡིག་དེ་བསྒྱུར་གནང་བ་དང་། མཚན་བྱང་དུ《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ》ཞེས་བཏགས་འདུག ཁྱེད་རང་གིས་བོད་འགྱུར་མ་དེའི་མ་འདང་བའི་ཆ་གང་ཡིན་མིན་སྐོར་རགས་ཙམ་གསུང་རོགས།
རྨེ་རུ་ཚེ་རིང་དོན་གྲུབ། 《ཐང་སན་ལམ་ཡིག》གི་བོད་འགྱུར་མ་དེར་ལོ་རྒྱུས་དཔྱད་གཞིའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། འོན་ཀྱང་། གུང་མགོན་པོ་སྐྱབས་ཀྱིས《ཐང་སན་ལམ་ཡིག》བོད་ཡིག་ཏུ་བསྒྱུར་རྗེས་བོད་ཀྱི་ལོ་ཙཱའི་སྡེ་ཁག་ཏུ་བོད་འགྱུར་མ་དེའི་འགྱུར་འཁྲུལ་ལ་དོ་སྣང་དང་མཉམ་འཇོག་མེད་པའི་ཚུལ་དུ་སྣང་། ངག་རྒྱུན་དུ་མི་ལ་སྐྱོན་ཆ་མེད་པ་དང་། ཤིང་ལ་འཛེར་པ་མེད་པ་མེད་ཅེས་བརྗོད་པ་བཞིན་བོད་འགྱུར་མ་དེར་མ་འདང་བའི་ཆ་ཁ་ཤས་ཡོད་པ་མཐོང་གི་འདུག་སྟེ། ཡུལ་མིང་དང་མི་མིང་འཁྲུལ་བ། ལམ་གྱི་ཁ་ཕྱོགས་དང་། བར་ཐག ཡུལ་གྱི་རྒྱ་ཁྱོན། དགེ་འདུན་པ། ལྷ་ཁང་སོགས་ཀྱི་གྲངས་ཚད་འགལ་འཛོལ་བྱུང་བ་ཁ་ཤས་མིག་མམ་དུ་མངོན་རྒྱུ་ཡོད། དཔེ་མཚོན་ཙམ་བརྗོད་ན། ཡུལ་མིང་འཁྲུལ་ཚུལ་ལ་རྒྱ་ཡིག་ཕྱི་མོའི་བམ་པོ་དང་པོའི་ཡུལ་ཐོག་མ“阿耆尼”ཞེས་པ་དཔྱད་གཞི་ཁག་ལ་གཞིགས་ན་ཨགྣིའི་ཡུལ་དུ་བསྒྱུར་ན་འཚམ་པ་ཡོད་ཀྱང་། རྒྱ་ཡིག་ཏུ་ཟུར་ཆག་པའི་སཾ་སྐྲྀ་ཏའི་ཐ་སྙད་དེ་བོད་འགྱུར་མར་ཨུ་ཤི་རི་ཞེས་བསྒྱུར་བར་སྣང་། མི་མིང་འཁྲུལ་ཚུལ་ལ་སློབ་དཔོན“清辫”ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པ་གོར་མ་ཆག འོན་ཀྱང་བོད་འགྱུར་མ་དེའི་ཁྲོད་དུ་སྤོབས་པ་དག་པ་ཞེས་བསྒྱུར་འདུག དེ་བཞིན་བོད་འགྱུར་མ་དེའི་རྒྱ་ཡིག་ཕྱི་མོའི་བྱེ་བྲག་གི་བརྗོད་བྱའི་དོན་གནད་ཧྲིལ་པོ་ཆད་པའམ་ཆ་ཤས་མ་བསྒྱུར་བའི་རྣམ་པ་གསལ་རྒྱུ་ཡོད། དཔེ་མཚོན་ཙམ་བརྗོད་ན། སྤྱིར་གུང་མགོན་པོ་སྐྱབས་ཀྱི་འགྱུར་དུ་རྒྱ་ཡིག་མ་ཕྱིའི་བམ་པོ་གཉིས་པའི་ཐོག་མ་རྒྱ་གར་སྤྱི་བཤད་ཀྱི་བྱེ་བྲག་ས་བཅད་བཅུ་བདུན་ཧྲིལ་པོ་དང་། བམ་པོ་བཅུ་གཅིག་གི་ཡ་གྱལ་སིངྒལའི་ཡུལ་གྱི་བྱེ་བྲག་ས་བཅད་སིཾ་ཧ་ལའི་གཏམ་རྒྱུད་ཅེས་པ་དང་། བམ་པོ་བཅུ་གཉིས་པའི་བྱེ་བྲག་ལི་ཡུལ་ལ་ཁྱོན་ས་བཅད་བཅུ་གཉིས་ཡོད་པའི་མཇུག་མའི་ས་བཅད་བཞི་པོ་དང་དེ་འོག་གི་བྱེ་ཀླུང་ཆེན་པོའི་ཤར་ཕྱོགས་བགྲོད་ལམ་ཞེས་པ་བཅས་ས་བཅད་ལྔ་སྟེ་གོང་འོག་གཅིག་ཏུ་བསྡོམས་པས་ཁྱོན་ས་བཅད་ཉི་ཤུ་རྩ་གསུམ་དང་། དེ་སྟེང་དུ་ཕྱི་མའི་མཇུག་ཏུ་ཐང་སན་གྱི་སློབ་མ་པན་ཅི(辩机)ཡིས་མཛད་པའི་བསྟོད་ཚིག་དང་མཇུག་བྱང་ཡོད་དོ་ཅོག་ཡིག་འབྲུ་གཅིག་ཀྱང་བོད་ཡིག་ཏུ་བསྒྱུར་མེད་པར་སྣང་། གོང་གི་དཔེ་མཚོན་བོད་འགྱུར་མ་དེའི་ཁྲོད་དུ་མི་ཉུང་བ་ཞིག་གསལ་བས་གཅིག་ཤེས་ཀུན་གྲོལ་གྱིས་གོ་བར་ནུས།
གསར་འགོད་པ། ཁྱེད་རང་གི་བརྩམས་ཆོས《ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག》གི་དམིགས་བསལ་ཁྱད་ཆོས་གང་ཡིན་ནམ།
རྨེ་རུ་ཚེ་རིང་དོན་གྲུབ། རང་ཉིད་ཀྱིས《ཐང་སན་ལམ་ཡིག》ཅེས་པ་སྒྱུར་སྐབས་གུང་མགོན་པོ་སྐྱབས་ཀྱི་བོད་འགྱུར་མ་དེས་བདག་ལ་ཕན་པ་ཆེན་པོ་ཐོགས་སོང་། བདག་གི་བོད་འགྱུར་མ་དེ་གུང་མགོན་པོ་སྐྱབས་ཀྱི་བོད་འགྱུར་མའི་ཁ་གསབ་ཅིག་ཡིན། བདག་གིས་རྒྱ་ཡིག་མ་ཕྱིར་བསྟན་པའི་ནང་དོན་དག་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་བོད་ཡིག་ཏུ་བསྒྱུར་བ་ཡིན། ཡིག་སྒྱུར་སྐབས་སུ་ལམ་ཡིག་ཁྲོད་དུ་གསལ་བའི་སློབ་དཔོན་དང་། པཎ་གྲུབ། དགོན་པ། དགེ་འདུན་སོགས་ཀྱི་ཞལ་གྲངས་དང་། གཞུང་ག་རེ་སློབ་གཉེར་བྱེད་ཀྱི་ཡོད་མེད་དང་། རྗེས་ཤུལ་གྱི་གནས་ཡུལ། བསྟན་བཅོས་ཀྱི་མཚན་བྱང་སོགས་ལ་ཞབས་མཆན་བཀོད་ནས་ཕྱི་རབས་པ་རྣམས་ལ་ཁ་གསལ་ཡོང་བ་ཞིག་བྱས་ཡོད།
གསར་འགོད་པ། ཁྱེད་རང་གིས་ཐང་སན་ལམ་ཡིག་བསྒྱུར་བའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེ་ཤོས་གང་རེད་འདུག དཀའ་ངལ་དེ་དག་གང་འདྲ་བྱས་ནས་སེལ་གྱི་ཡོད་དམ།
རྨེ་རུ་ཚེ་རིང་དོན་གྲུབ། དཀའ་ངལ་མི་ཉུང་བ་ཞིག་འཕྲད་བྱུང་། ཡིག་སྒྱུར་ལས་ལ་དངོས་སུ་ཞུགས་སྐབས་མ་ཡིག་གི་ཁྲོད་དུ་བརྡ་རྙིང་མང་པོས་ཁེངས་ཡོད། སྔོན་ཆད་རང་ཉིད་ཀྱི་ཆེད་ལས་རྒྱ་ཡིག་ཡིན་པས་རྒྱ་ཡིག་གི་བརྡ་རྙིང་ལ་སློབ་སྦྱོང་ཕྲན་ཙམ་བྱས་ཀྱང་། གོ་བ་ཡང་དག་པ་ཞིག་ལེན་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་འདུག དེར་བརྟེན་བདག་གིས་ཡིད་རྟོན་རུང་བའི་ཚིག་མཛོད་ལྟ་ཀློག་དང་། འབྲེལ་ཡོད་ཀྱི་མཁས་དབང་ལ་བཀའ་འདྲི་ཞུས་ནས་བརྡ་རྙིང་གི་དོགས་པ་ཁག་གསེད་བཀྲོལ་བྱས་པ་ཡིན། དེ་ནས་སྔོན་ཆད་བདག་གི་བཤེས་གཉེན་འཕྲིན་ལས་ཆོས་གྲགས་ཀྱིས་སྔོན་གྱི་ཐ་སྙད་ཡོད་བཞིན་དུ་ཐ་སྙད་གསར་པ་བཟོ་རྒྱུ་མེད་ཅེས་ཐེངས་མང་གསུངས་ཀྱི་རེད། བདག་གིས་ཁོང་གི་བཀའ་སློབ་སྙིང་དབུས་སུ་བཞག་ནས་མ་ཡིག་ཁྲོད་ཀྱི་ཐ་སྙད་མང་པོ་བོད་ཡིག་ཏུ་ཚུར་སྒྱུར་སྐབས་གཏན་ཆགས་རང་བཞིན་གྱི་ཐ་སྙད་བཀོལ་གྱི་ཡོད། གཏན་ཆགས་རང་བཞིན་གྱི་ཐ་སྙད་བཀོལ་དགོས་ན་སྔོན་བྱོན་གྱི་མཁས་པ་མང་པོའི་གསུང་འབུམ་ལྟ་ཀློག་བྱེད་དགོས་དུས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱང་། གང་ཐུབ་ཅི་ཐུབ་ཀྱིས་གཏན་ཆགས་རང་བཞིན་གྱི་ཐ་སྙད་བཙལ་ནས་བཀོལ་གྱི་ཡོད། ད་དུང་ལེགས་སྦྱར་གྱི་ཐ་སྙད་བོད་ཡིག་ཏུ་ཕབ་དུས་དཀའ་ལས་འཕྲད་ཀྱི་འདུག་པས། བདག་གིས་སྤུ་རྒྱལ་སྐབས་སུ་བྱུང་བའི་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་མཁས་དབང་ཅིད་ཤན་ལིན(季羡林)གྱི་གསུང་རྩོམ་ལ་བལྟས་ནས་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད། 《ཐང་སན་ལམ་ཡིག》བྱུང་བའི་དུས་ཚོད་སྔ་པོ་ཡིན་པས་ད་ལྟའི་སྐད་ཆ་ཇི་བཞིན་བསྒྱུར་ན་ལམ་ཡིག་གི་རིན་ཐང་ཆུང་དུ་འགྲོ་བའི་ཚོར་སྣང་ཟབ་མོ་འདུག ཡིག་སྒྱུར་བྱེད་སྐབས་ཡི་གེའི་འགྲོས་དེ་བོད་ཀྱི་སྲོལ་རྒྱུན་གྱི་འགྲོ་སྟངས་དང་མཐུན་དགོས་དུས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་འདུག་ཀྱང་འབད་པ་ཆེན་པོ་བྱས་པ་ཡིན། ད་དུང་མ་འདང་བའི་ཆ་མི་ཉུང་བ་ཞིག་འདུག་པས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན།
གསར་འགོད་པ། ཐང་ཞོན་ཙང་དང་པན་ཅི་ཡིས་བརྩམས་པའི《大唐西域记》ལ་གུང་མགོན་པོ་སྐྱབས་ཀྱིས《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ》ཞེས་བསྒྱུར་འདུག རྒན་ལགས་ཀྱིས་སྟབས་བདེ་པོས《ཐང་སན་ལམ་ཡིག》ཅེས་བསྒྱུར་འདུག་པས་དེའི་དགོས་པ་གང་ཡིན་ནམ།
རྨེ་རུ་ཚེ་རིང་དོན་གྲུབ། 《大唐西域记》ནི་ཐང་སན་བླ་མ་མ་ཧཱ་ཙཱི་ནའི་ཡུལ་ནས་ནུབ་ཡུལ་དུ་ཕེབས་སྐབས་ལམ་བར་གྱི་མཐོང་ཐོས་དྲན་རེག་ཚང་མ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན། གཅིག་ནས་བོད་ཀྱི་རིག་གནས་སྡེ་ཁག་ཁྲོད་དུ《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ》ཞེས་པར་རྒྱུས་མངའ་ཡོད་མོད། མང་དག་ཅིག་གིས་རྒྱུས་མངའ་དེ་ཙམ་མེད་སྟབས། གུས་པས《大唐西域记》ལ《ཐང་སན་ལམ་ཡིག》ཅེས་བསྒྱུར་དོན་ཡང་ཀློག་པ་པོ་རྣམས་གོ་བདེ་བའི་ཆེད་དུ་ཡིན། གཉིས་ནས་གུང་མགོན་པོ་སྐྱབས་ཀྱི་འགྱུར་གྱི་ཁ་བྱང་དང་ཕན་ཚུན་མ་འཁྲུལ་བའི་ཆེད་དུ་ཡིན།
གསར་འགོད་པ། ཁྱེད་རང་གིས་ཐང་སན་ལམ་ཡིག་སྒྱུར་སྐབས་ཡིག་སྒྱུར་ཐབས་ལམ་གང་དག་གཙོ་བོར་འཛིན་ཡོད་དམ།
རྨེ་རུ་ཚེ་རིང་དོན་གྲུབ། ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་དུ་སྒྱུར་ཐབས་མང་པོ་སྤྱོད་དགོས་ཀྱི་ཡོད། རང་ཉིད་ཀྱིས《ཐང་སན་ལམ་ཡིག》ཅེས་པ་སྒྱུར་སྐབས་དོན་སྒྱུར་གཙོ་བོར་བཟུང་ནས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ལམ་དེ་བཀོལ་བ་དང་། ཡིག་སྒྱུར་གྱི་ཐབས་ལམ་གཞན་པ་ཁག་ཟུར་བརྒྱན་གྱི་ཚུལ་དུ་བཀོལ་ཡོད། སྤྱིར་འགྲོས་ལྟར་ན་ཡིག་སྒྱུར་གྱི་རྩེར་སོན་པའི་མཚོན་རྟགས་ནི་དོན་སྒྱུར་ཡག་པོ་ཡོང་རྒྱུ་དེ་རེད། དོན་སྒྱུར་ལེགས་པོ་ཐུབ་ན་ཡིག་སྒྱུར་བའི་ཡིག་སྒྱུར་ཆུ་ཚད་ཡག་པོ་ཡོད་པ་ཤེས་ཐུབ་ཀྱི་འདུག
གསར་འགོད་པ། ཐད་ཀར་ལམ་ཡིག་ལ་ཞིབ་འཇུག་བྱས་པ་ལས་སྔོན་དུ་ལམ་ཡིག་ཁག་གི་ནང་དོན་མཐའ་དག་ཡིག་སྒྱུར་བྱས་པའི་རྗེས་གཞི་ནས་ལམ་ཡིག་ལ་ཞིབ་འཇུག་བྱས་ཚེ་ཞིབ་འཇུག་གི་སྤུས་ཚད་གོང་མཐོར་འགྲོ་རྒྱུར་ཕན་པ་ཆེན་པོ་ཡོད་དམ།
རྨེ་རུ་ཚེ་རིང་དོན་གྲུབ། ཕན་པ་ཆེན་པོ་ཡོད་པ་གཏན་འཁེལ་རེད། ཡིག་སྒྱུར་དང་ཞིབ་འཇུག་ཅེས་ལས་ཀ་གཉིས་ལ་འབད་བརྩོན་བྱེད་དགོས་ཀྱི་ཡོད། བསྒྱུར་བྱའི་ནང་དོན་ཁག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གོ་བ་མང་པོ་ལེན་དགོས་པ་ཨ་ཅང་བརྗོད་མེད་ཡིན། གོ་བ་ལེན་པའི་བརྒྱུད་རིམ་ཁྲོད་དུ་བག་ཆགས་ཟབ་མོ་ཡོང་སྲིད་ལ་བློ་སྐྱེད་ཀྱང་མི་དམན་པ་ཞིག་ཐོབ་སྲིད། ཡིག་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་དེ་ཞིབ་འཇུག་གི་མེ་སྟག་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན། ཡིག་སྒྱུར་ཚར་བའི་རྗེས་གསེད་བཀྲོལ་བྱེད་དགོས་པའི་དོགས་པ་མང་དག་ཅིག་འཕྲད་སྲིད་པས། དངོས་སུ་ཞིབ་འཇུག་གི་ལས་ལ་གཞོལ་སྐབས་གནད་དོན་གང་དག་ལ་གཙོ་གནད་དབྱེ་ཞིབ་བྱེད་དགོས་པ་ཁ་གསལ་པོ་ཡོད། དེར་བརྟེན་ཡིག་སྒྱུར་དང་ཞིབ་འཇུག་ཟུང་དུ་འབྲེལ་ཐུབ་ཚེ་ཞིབ་འཇུག་གི་སྤུས་ཚད་གོང་མཐོར་འགྲོ་རྒྱུར་ཕན་པ་ཆེན་པོ་ཡོད།
གསར་འགོད་པ། ཁྱེད་རང་གི་བསྒྱུར་དེབ་ལ་མིག་ཤར་རྒྱག་སྐབས་མི་མིང་དང་། ས་མིང་། དགོན་མིང་། བསྟན་བཅོས་ཀྱི་མཚན་བྱང་སོགས་གླེང་སྐབས་ཞབས་མཆན་དུ་རྒྱ་ཡིག་གམ་ལེགས་སྦྱར་གྱི་ཡི་གེ་ལྷན་དུ་བཀོལ་འདུག སྐབས་རེ་ཡིག་རིགས་གཞན་པ་ཞབས་མཆན་དུ་བཀོད་པའི་དགོས་པ་གང་ཡིན་ནམ།
རྨེ་རུ་ཚེ་རིང་དོན་གྲུབ། ངས་དེ་རིང་ཁ་སང་གི་རིག་གཞུང་ཞིབ་འཇུག་གི་འགྲོ་སྟངས་དང་བསྟུན་ནས་ཞབས་མཆན་བཀོད་ན་དཔེ་ཀློག་ལ་དགའ་བའི་ཀློག་པ་པོར་སྟབས་བདེ་བསྐྲུན་ཀྱི་མེད་དམ་སྙམ་བྱུང་། ཞབས་མཆན་དུ་རྒྱ་ཡིག་བཀོད་ཚུལ་ལ་མཚོན་ན། སྤྱིར་དེང་གི་དུས་སུ་མི་མང་ཆེ་བའི་རྒྱ་ཡིག་གི་ཆུ་ཚད་མཐོན་པོ་ཡོད་ཀྱང་། ཉུང་ཤས་ཤིག་རྒྱ་ཡིག་གི་ཆུ་ཚད་ཞན་ཙམ་ཡོད་པས། བསྟན་བཅོས་སོགས་ཀྱི་མཚན་བྱང་ཞབས་མཆན་དུ་རྒྱ་ཡིག་བཀོད་ཚེ་རྒྱ་བོད་ཤན་སྦྱར་ལ་དོ་སྣང་ཡོད་མཁན་ཚོར་སྟབས་བདེ་སྐྲུན་ཐུབ་པ་དང་། ཞབས་མཆན་དུ་ལེགས་སྦྱར་གྱི་ཡི་གེ་བཀོད་ཚུལ་ལ་མཚོན་ན། རྒྱ་གར་གྱི་སློབ་དཔོན་གཙོ་བོར་བྱས་པའི་སངས་རྒྱས་ཆོས་ལུགས་ཀྱི་མི་སྣའི་མཚན་དེ་དག་དོན་སྒྱུར་དང་སྒྲ་སྒྱུར་སོགས་ཐབས་ལམ་གང་ཞིག་བཀོལ་ནས་ཟིན་བྲིས་སུ་བཏབ་མིན་ཤེས་ཐུབ་པས། དེས་སངས་རྒྱས་ཆོས་ལུགས་མི་སྣའི་མཚན་གྱི་སྒྱུར་ཚུལ་ལ་ཞིབ་འཇུག་བྱེད་པར་སྟབས་བདེ་མེད་དམ་སྙམ་བྱུང་།
གསར་འགོད་པ། ཁྱེད་རང་གིས་བསྒྱུར་གནང་བའི་ལམ་ཡིག་ལ་བལྟས་ཚེ་བོད་པ་རང་གིས་བརྩམས་པའི་ལམ་ཡིག་ཅིག་མིན་ནམ་སྙམ་པའི་ཚོར་བ་ཟབ་མོ་ཞིག་འདུག་པས། ཕྱིས་སུ་ལས་དང་པོ་བས་ལམ་ཡིག་སོགས་ཀྱི་སྐོར་ཡིག་སྒྱུར་བྱས་ན་གང་དག་ལ་མཉམ་འཇོག་བྱེད་དགོས་སམ།
རྨེ་རུ་ཚེ་རིང་དོན་གྲུབ། འཛམ་གླིང་གི་ཚན་རིག་པ་གྲགས་ཅན་ཨེ་དབྱིན་སི་ཐན་གྱིས་དགའ་ཕྱོགས་ནི་དགེ་རྒན་ཡག་ཤོས་ཡིན་ཞེས་གསུངས་པ་བཞིན་གལ་ཆེ་ཤོས་ནི་དགའ་ཕྱོགས་ཡིན། རྒྱུན་གཏན་གྱི་དཔེ་ཀློག་ཁྲོད་ཐ་སྙད་གསོག་འཇོག་ལ་དོ་སྣང་དང་བྱ་ཚིག་བཀོལ་སྟངས་ལ་བྱང་ཆ་དགོས་པ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། སྤྱིར་རྒྱ་ཡིག་གི་ནང་དོན་ཁག་བོད་ཡིག་ཏུ་བསྒྱུར་ན་བོད་ཡིག་གི་ཆུ་ཚད་མཐོ་བ་དགོས་པ་དང་། བོད་ཡིག་གི་ནང་དོན་ཁག་རྒྱ་ཡིག་ཏུ་བསྒྱུར་ན་རྒྱ་ཡིག་གི་ཆུ་ཚད་མཐོ་བ་དགོས། བསྒྱུར་བྱའི་ནང་དོན་ལ་མཚོན་ནས་བཤད་ན། རང་ཉིད་གང་ལ་བྱང་ཆ་ཡོད་ན་དེ་འབྲེལ་གྱི་དཔེ་ཆ་ལྟ་ཀློག་མང་ཙམ་བྱས་ནས་འབྲེལ་ཡོད་ཀྱི་ནང་དོན་མང་ཙམ་སྒྱུར་དགོས། ཡིག་སྒྱུར་བ་ཁ་ཤས་རྩོམ་རིག་ལོ་ཙཱ་ལ་དགའ་ཞེན་ཆེན་པོ་ཡོད་པས་རྒྱལ་ནང་གི་གྲགས་རྩོམ་ཁག་བོད་ཡིག་ཏུ་སྒྱུར་སྐབས། མི་ལ་རས་པའི་རྣམ་ཐར་དང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། མི་དབང་རྟོགས་བརྗོད། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་སོགས་ལྟ་ཀློག་བྱས་ནས་ཐ་སྙད་དང་བྱ་ཚིག་བཀོལ་སྟངས་སོགས་ལ་སློབ་སྦྱོང་དང་མཉམ་འཇོག་མང་ཙམ་བྱས་ན་ཡིག་སྒྱུར་གྱི་སྤུས་ཚད་ཡག་ཏུ་འགྲོ་བར་ངེས།
གསར་འགོད་པ། དེ་རིང་ཁྱེད་རང་ལ་བཅར་འདྲི་ཞུ་བའི་བརྒྱུད་རིམ་ཁྲོད་ལམ་ཡིག་ཡིག་སྒྱུར་སྐོར་གྱི་ཤེས་བྱ་མི་ཉུང་བ་ཞིག་ཤེས་སོང་བས་བཀའ་དྲིན་ཤིན་ཏུ་ཆེ། མཇུག་ཏུ་ཁྱེད་རང་གི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།
རྨེ་རུ་ཚེ་རིང་དོན་གྲུབ། ལགས་སོ། ཐུགས་རྗེ་ཆེ།