དབྱར་ཟླ་དྲུག་པའི་མེ་ཏོག
དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
དབྱར་ཟླ་དྲུག་པ། ནམ་ཟླ་སྤྲིན་གྱིས་མ་བསྒྲིབས་ཤིང་། ལོ་ཟླ་འཁྱག་གིས་མ་བསྡམས་པར། དཔྱིད་ཉི་རིང་པོའི་སྒོ་གླེགས་ཀྱི་གསེང་ནས་འཛུམ་དང་བཅས་དུས་རབས་བུ་མོའི་གསུང་སྙན་གྱི་འགྱུར་ཁུག་འོག བྱ་ཁུ་བྱུག་བཞིན་གྲེ་འགྱུར་ངོམ་གྱིན། རྟ་འདོ་བ་བཞིན་བང་རྩལ་འགྲན་ཞོར། ཡངས་པའི་ས་གཞིའི་མགྲོན་དུ་ཕེབས་པ་ཨེ་མ་མཚར།
ཡིད་ཆེས་དང་རེ་བ་ཡིས་ཁེངས་པའི་དབྱར་ཟླ་དྲུག་པ། དབྱར་གཞུང་འདིའི་འཛུམ་མདངས་བསུ་ཞོར། ཞོགས་པའི་ཉི་གཞོན་ལྟར་འཛུམ་དམུལ་དམུལ་ངང་ཕེབས་བྱུང་།
དབྱར་ཟླ་དྲུག་པ། རྩྭ་ལྗང་གི་མགོ་ལྕོག་དང་བསྡོངས་ནས། བསིལ་རླུང་གི་དབྱངས་རྟ་དང་འགྲོགས་ནས། རྒྱ་ལྕང་གི་སྐྲ་ལོ་བཞིན་གཡོ་བའི་ཁྱེད་ཀྱི་ངང་ཚུལ་ནི་ཅི་འདྲའི་སྙིང་དུ་སྡུག་ཨང་། ཨ་མའི་ཕྱག་ཟུང་གིས་བྱིལ་བྱིལ་བྱེད་པ་ལྟ་བུའི་འཇམ་མཉེན་གྱི་བསིལ་རླུང་དལ་བུར་ལྡང་དུས། སེམས་ཀྱི་བུ་ཆུང་མེ་ཏོག་བཞིན་རེ་ལྟོས་ཁྲོད་འཚར་བྱུང་། སྔོ་ལྗང་གི་སྐྲ་ལོ་གཡོ་བའི་ལྗོན་ཤིང་གི་དཔུང་རྩེར། བྱིའུ་ཅོ་ཀས་དྲུག་འགྱུར་གྱི་དབྱངས་རྟ་ངོམ་ཞིང་། ཚིག་འགྲོས་ལྟ་བུའི་རྐང་རྗེས་སྲབ་མོ་རེ་ཞིང་ཐང་གི་ཕང་བར་འཇོག་དུས། དབྱར་ཟླ་དྲུག་པ་ནི་རྨི་ལམ་སྦྲུམ་པའི་མེ་ཏོག་གི་ལྡུམ་ར་ཞིག་ཡིན་པ་ངང་གིས་རྟོགས།
དབྱར་ཟླ་དྲུག་པ། སྙན་འཇེབས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ངེད་ཚོའི་མིག་ལམ་དུ་བཀྲ་བྱུང་། ཆར་ཟིམ་གྱི་བདུད་རྩི་བསྣམས་ནས་ཕ་ཡུལ་གྱི་པང་ཁར་འཁྱིལ་བྱུང་། མེ་ཏོག་གི་འདུ་རྒོད་རྩེན་པའི་བྱིས་པ་ཚོས་ཀ་ཁའི་དབྱངས་རྟ་གྱེར་ནས་རང་སེམས་ཀྱི་ནམ་མཁར་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་འབྲི། བྱིས་པ་ཚོ་ཡོད་པས་བདག་གི་འཇིག་རྟེན་ནི་ད་གཟོད་མེ་ཏོག་བཞིན་བཀྲ་ཞིང་། སྣུམ་ཚོན་རི་མོ་ཞིག་ལྟར་མཚར་སྡུག་ལྡན། རི་དང་མཚོ། སྤང་དང་ནགས། བྱ་དང་བྱིའུ། ཆར་པ་དང་བུང་བ། བྱིས་པ་དང་མེ་ཏོག་སོགས་ནི་མཛེས་སྡུག་གི་རི་མོའི་ཆ་ཤས་རེ་རེ་སྟེ། ཆ་ཤས་རེ་རེ་ལས་ད་གཟོད་ཡིད་དུ་འོང་བའི་དབྱར་ཟླ་དྲུག་པའི་མཛེས་ལྗོངས་གྲུབ་པ་མིན་ནམ།
མེ་ཏོག་ལྟ་བུའི་བྱིས་པ་ཚོའི་དགོད་སྒྲ་དང་སྙན་འཇེབས་ཀྱི་གླུ་དབྱངས་རེ་རེ་ནི་ནམ་ཟླ་འདིར་ཆེད་དུ་དཀྲོལ་བའི་མཛེས་སྡུག་གི་རོལ་དབྱངས་ཤིག་སྟེ། རོལ་དབྱངས་དེས་ང་ཚོའི་སེམས་ལ་ལྷིང་འཇགས་དང་རེ་བའི་ས་བོན་གཏོར་བཞིན་མཆིས་པས། ཁྱེད་ཚོའི་རོལ་དབྱངས་ནི་ང་ཚོའི་སེམས་པ་གསོ་བའི་སྦྲང་ཆར་དང་གཅིག་འདྲར་འཁུ། བརྩེ་བའི་སློབ་ཕྲུག་ཚོ། དེ་རིང་ནི་དབྱར་ཟླ་དྲུག་པའི་མེ་ཏོག་བཞད་དུས་རེད། ཁྱེད་ཚོའི་ལང་ཚོའི་མཛེས་པ་ངོམ་དུས་རེད།
ཨ་ཁུ་ཟླ་དཀར་ལགས། བག་ལེབ་གནང་རོགས་གནོངས་དང་ཞེས་པ་འདི་ནི་བྱིས་པ་ཚོའི་སེམས་སུ་སྦྲུམ་པའི་གླུ་དབྱངས་དེ་ཨེ་རེད། ཀ་ཁ་ག་ང་། བྱིས་པ་ཚོས་ལེན་སྤྲོ་བའི་རོལ་དབྱངས་དེ་ཨེ་རེད། རྣམ་པ་མང་བའི་བྱེད་སྒོ་དང་ངོ་མཚར་ཆེ་བའི་སྟངས་སྟབས་ཁྲོད། དེ་རིང་གི་ནམ་མཁའ་མེ་ཏོག་གིས་མཛེས་པར་བརྒྱན་འདུག སྙན་པའི་གཞས་དང་འཁྲུག་པའི་ཞབས་བྲོས་དེ་རིང་གི་དུས་ཚོད་ལ་ཁ་དོག་གཞན་ཞིག་བསྩལ་བྱུང་།
དྲུག་གཅིག་བྱིས་པའི་དུས་ཆེན། དབྱར་ཟླ་དྲུག་པ་དང་ལྷན་དུ་ཕེབས་པའི་སྐུ་མགྲོན་རྙིང་པ། ལོ་ཆུང་བྱིས་པ་ཚོ། དེ་རིང་ཁྱེད་ཚོས་སློབ་སྦྱོང་གི་སྦྱངས་འབྲས་དང་འབྲི་རྒྱུར་ལུས་པའི་སྦྱོང་ཚན་གྱི་སྐོར་མ་གླེང་བར། མེ་ཏོག་གི་མཛེས་པ་དང་རང་ཉིད་ཀྱི་ལང་ཚོ་གླེང་ཞིག ད་དུང་། ཅི་ལའང་སེམས་ཚེགས་མེད་པར་རྩེད་མོ་ཡིད་ཚིམ་པ་ཞིག་བརྩེས་ནས། བྱིས་དུས་ཀྱི་འཚོ་བར་གཅེས་འཛིན་གནང་རོགས།