དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲུག་གཅིག་བྱིས་པའི་རྩེད་དགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དབྱུག་སྲས།   |     སྤེལ་དུས།  2024-06-01

    ལྕུག་ཕྲན་ཡལ་ག་ལྡེམ་པའི་གདན་སྟེང་ན། །

    སོས་ཀའི་མེ་ཏོག་མངོན་པར་བཞད་པ་སྟེ། །

    ན་ཆུང་རྐང་དྲུག་བུང་བའི་ཁྱུ་ཚོགས་ཀྱི། །

    ལོ་རེའི་སྟོན་མོ་ཚེས་པའི་ཉིན་མོ་ལགས། །


    བྱམས་བརྩེའི་བདག་ཉིད་གནམ་འོག་ཕ་མ་ཡིས། །

    རིགས་ཀྱི་མྱུ་གུའི་མ་འོངས་མཛེས་སྡུག་སླད། །

    ངལ་བའི་ཁུར་ཆེན་ཇི་ལྟར་ལྕི་ན་ཡང་། །

    བསྣམས་ཏེ་འཚོ་བའི་འཕྲང་ལམ་རེ་རེ་འགྲིམས། །


    སྤྱི་ཚོགས་འཚོ་བའི་འགྲན་རྩོད་འདུ་འཛི་རྒོད། །

    སྦྱངས་ཀྱང་མ་ཤེས་རྨོངས་པའི་གྲལ་ན་མེད། །

    སེམས་ཀྱི་མེ་ལོང་དཀའ་སྡུག་གཡའ་དང་བྲལ། །

    བྱིས་པའི་རང་གཤིས་དྭངས་གཙང་ཆུ་བོ་བཞིན། །



    གཉེན་དང་ཉེ་དུས་རེ་ལྟོས་ཁྱེད་ཚོར་བཅོལ། །

    ཕ་དང་མ་ཡིས་ཐམས་ཅད་ཁྱེད་ཚོར་བཏང་། །

    རིག་པའི་སློབ་གླིང་འགྲིམ་ཞིང་ནར་སོན་དུས། །

    དྲིན་དང་རེ་བ་ཡོད་ཚད་མ་བརྗེད་རོགས། །


    རྣམ་དཔྱོད་ཤེས་རབ་བཀྲ་བའི་འོད་ཟེར་དང་། །

    སྤྱོད་གཙང་ཀུན་ཡིད་འཕྲོག་པའི་ནོར་བུ་གཉིས། །

    ནམ་ཡང་སེམས་ཀྱི་གཏིང་ནས་མ་བོར་བར། །

    བྱིས་པའི་མདུན་ལམ་སྔར་ལས་ཡངས་པར་ཤོག །


    སློབ་གླིང་དགའ་ཚལ་མེ་ཏོག་ལྡུམ་ར་འདྲ། །

    སྐད་བརྡ་རིག་པ་རྒྱ་མཚོའི་འཇིངས་ལས་ཟབ། །

    བྱིས་བློ་གསར་པ་གཞན་དུ་མ་གཡེངས་པར། །

    ཤེས་བྱའི་འདོད་རྒུ་ལེན་པར་འབད་གྱུར་ཅིག །


    ལོ་ཆུང་བྱིས་པ་དར་རས་དཀར་པོ་བཞིན། །

    ཕ་མ་དགེ་རྒན་པིར་ཐོག་མཁན་པོ་ཚོས། །

    མདོག་ལེགས་ཚོན་རྩིའི་སློབ་གསོའི་རི་མོ་ཡིས། །

    མིག་དཔེ་སྟོན་ནས་ཕྲུ་གུའི་བློ་སྒོ་ཕྱེས། །


    འབྱུང་འགྱུར་རེ་བ་ཁྱེད་ཚོའི་ལག་ཏུ་ཡོད། །

    ཁྱེད་ཚོའི་ཨམ་ཕྲག་ནང་དུ་ཡོད་ཚད་མཆིས། །

    མ་འོངས་བདག་པོ་ཁྱེད་ཚོ་ཡིན་དང་ཡིན། །

    བློ་གསར་བྱིས་པའི་དུས་ཆེན་བཀྲ་ཤིས་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།