བྱིས་པ་ཚོ། ཟླ་བ་དྲུག་པ་ཤར་སོང་།
༡
ཟླ་བ་དྲུག་པའི་སྤང་ཐང་ནེམ་ནེམ་པོ། ཟླ་བ་དྲུག་པའི་ཡུལ་ལུང་སྡུག་གུར་བཀྲ། ཟླ་བ་དྲུག་པའི་རླུང་བུ་བསིལ་ཞིང་འཇམ། ཟླ་བ་དྲུག་པའི་ནམ་ཟླ་ཨེ་མ་མཚར། ཟླ་བ་དྲུག་པའི་ཤེས་བྱའི་དགའ་ཚལ་མེ་ཏོག་གིས་གཏམས། ཟླ་བ་དྲུག་པའི་སློབ་མ་སྤྲོ་སྣང་གིས་ཕྱུག
༢
ཟླ་བ་དྲུག་པའི་ནམ་ཟླའི་པང་ཁ་ན། བྱིས་པ་ཚོ་བདེ་ལ་འཁོད་ཅིང་འཛུམ་ཞལ་གྱི་མེ་ཏོག་ལྷུག་པོར་བཞད། ཟླ་བ་དྲུག་པའི་ནམ་ཟླའི་པང་ཁ་ན། བྱིས་པ་ཚོ་གླུ་དབྱངས་ལ་ཐིམ་ཞིང་གར་སྟབས་ལིང་ལིང་དུ་བསྒྱུར། ཟླ་བ་དྲུག་པའི་ནམ་ཟླའི་པང་ཁ་ན། བྱིས་པ་ཚོ་གཟབ་མཆོར་གྱིས་བཀླུབས་ཤིང་ལང་ཚོའི་གཟི་དཔལ་ངོམ། ཟླ་བ་དྲུག་པའི་ནམ་ཟླའི་པང་ཁ་ན། བྱིས་པ་ཚོ་རྩེད་འཇོར་གཡེང་ཞིང་དགོད་སྒྲ་ཡིས་གནམ་ས་གཡོ། ཟླ་བ་དྲུག་པའི་ནམ་ཟླའི་པང་ཁ་ན། བྱིས་པ་ཚོ་ཟས་བཅུད་ལ་རོལ་ཞིང་བྱིས་དུས་ཀྱི་སྤྲོ་སྣང་འཚོལ།
༣
ཟླ་བ་དྲུག་པ། བྱིས་པ་ཚོའི་རེ་སྒུག་གི་ཁ་དོག་ཡིན། ཟླ་བ་དྲུག་པ། བྱིས་པ་ཚོའི་སེམས་ཁོང་གི་རེ་སྨོན་ཡིན། ཟླ་བ་དྲུག་པ། བྱིས་པ་ཚོའི་རྨི་ལམ་གྱི་ཞིང་ཁམས་ཡིན།
ཟླ་བ་དྲུག་པ། བྱིས་པ་ཚོའི་ཡིད་འོང་གི་རྩེད་ར་ཡིན།