དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་མས་བོད་ཡིག་ཡིག་གཟུགས་སྦྱོང་བའི་དགོས་པའམ་ཕན་ནུས་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    བོད་ཡིག་ཡིག་གཟུགས་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། ཀྲུང་ཧྭའི་མི་རིགས་རིག་གནས་བང་མཛོད་ནང་གི་ཆེས་རྣམ་པར་བཀྲ་བའི་ནོར་བུའི་གྲས་ཤིག་ཀྱང་རེད། དེར་ལོ་རྒྱུས་ཡུན་རིང་ལྡན་ལ་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་ཡོད། འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སྔོན་བྱོན་མེས་པོ་ཚོས་ཕྱི་རབས་པ་ཚོ་སྤོབས་པ་སྐྱེ་འོས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་གསར་གཏོད་གནང་ཡོད། དེང་དུས་ཚན་རིག་འཕེལ་རྒྱས་དང་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ནས་ཡིག་གཟུགས་ཀྱི་རྣམ་གྲངས་མང་པོ་ཞིག་གློག་ཀླད་དང་ཁ་པར་ནང་དུ་བཅུག་ནས་འཚོ་བར་སྔར་བས་སྟབས་བདེ་བསྐྲུན་ཡོད། འོན་ཏེ་མིག་སྔའི་ཆར་དེ་ལྟ་བུའི་སྟབས་བདེ་ལས་ཤུགས་རྐྱེན་ངན་པ་ཡང་མི་ཉུང་བ་ཞིག་ཐོན་བཞིན་ཡོད་པ་སྟེ། མི་རྣམས་ཀྱི་སྨྱུ་གུ་བཟུང་ནས་ལག་པས་ཡི་གེ་འབྲི་བའི་གོམས་གཤིས་སྐྱོ་རུ་འགྲོ་བ་དང་། ཚད་ལྡན་གྱི་ཡིག་གཟུགས་བྲིས་མ་དཀོན་པའི་སྣང་ཚུལ་ཐོན་བཞིན་མཆིས།

    སྟབས་ལེགས་པ་ཞིག་ལ་ཏང་དང་རྒྱལ་ཁབ་ཀྱིས་བོད་ཡིག་ཡིག་གཟུགས་དེ་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་བཅུག་ནས་བོད་ཡིག་ཡིག་གཟུགས་དེ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་དུ་གཏོང་བའི་སྲིད་ཇུས་ཀྱི་སྦྲང་ཆར་ཟིལ་མས་བོད་ཡིག་ཡིག་གཟུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་གསོན་ཤུགས་གསར་པ་རྒྱས་ཤིང་། 2008ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཡིག་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པར་བཅུག་པ་དང་། 2014ལོར་སྙེ་བྲིས་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་བཞི་པའི་རྒྱ་སྐྱེད་རྣམ་གྲངས་ཀྱི་གྲས་སུ་བཅུག་པ་རེད།

    ད་དུང་ལོ་རེའི་ཟླ་4ཚེས་30ཉིན་གྱི“རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོ”ནི་བོད་ཡིག་ཡིག་གཟུགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་གཏན་ལ་ཕབ་པའི་ཉིན་མོ་ཞིག་ཡིན་ཞིང་། “རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོ”ནི་2017ལོའི་ཟླ་4པར་ཟི་ལིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོར་གཏན་ལ་ཕབ་པ་ཞིག་རེད། བགྲོ་གླེང་ཚོགས་འདུ་དེར། བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་ལོ་རྒྱུས་རིང་མོ་དང་རིག་གནས་ཀྱི་ནང་དོན་ཟབ་མོར་དྲན་གསོ་ཞུ་ཕྱིར། དམངས་གཙོའི་འདེམས་ཤོག་འཕངས་ནས་ཟླ་4ཚེས་30ཉིན་དེ་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོར་གཏན་འཁེལ་བྱས་པ་རེད།

    སྤྱིར་བོད་ཡིག་ཡིག་གཟུགས་སྦྱོང་བར་ཐོག་མར་ཚུགས་རིང་ལམ་ནས་གསལ་བྱེད་སུམ་ཅུ་དང་། དབྱངས་བཞི། ལོག་ཡིག མཐུག་པོའི་ཡི་གེ་བཅས་འབྲི་ཚུལ་ཆེ་བའི་ལམ་ནས་ལེགས་པར་ཤེས་རྗེས། ཚུགས་ཆེན། ཚུགས་རིང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཡིག་བཅས་གོ་རིམ་ལྡན་པའི་ངང་ནས་སྦྱོང་དགོས་པ་བསྟན་ཡོད་པ་ལྟར། སློབ་མས་བོད་ཡིག་ཡིག་གཟུགས་སྦྱོང་བའི་དགོས་པའམ་ཕན་ནུས་སྐོར་ལ་རང་གི་བསམ་ཚུལ་མདོར་བསྡུས་གླེང་བར་བྱ་སྟེ།

    གཅིག ཐིག་གི་ངོས་འཛིན་ལས་ཐོན་པའི་ཕན་ནུས།

    དེ་ཡང་། མཁས་པའི་ཞལ་ནས། ཡི་གེའི་ཆེ་ཆུང་ཐིག་གིས་བྱེད། །ཐིག་ལ་ཡི་གེའི་རུས་ཀྱང་ཟེར། །ཐིག་ཚད་ལྔ་ཆ་གཉིས་གསུམ་ཡིན། །མ་ལ་གཉིས་དང་རྐང་པར་གསུམ། །མགོ་ཐིག་དཀྱིལ་ཐིག་སྨད་ཐིག་དང་། །རྐང་ཐིག་ཅེས་བརྗོད་རིམ་པས་འབོད། །ཅེས་གསུངས་པ་ལྟར་ཡི་གེ་འབྲི་བའི་ཐིག་ཚད་དེ་སློབ་མས་རང་གི་གཟུགས་པོའི་ཐོག་གི་མགོ་དང་། སྐེད་པ། རྐང་པ་བཅས་ལ་སྦྱར་ཏེ་ལུས་པོའི་གྲུབ་ཆར་ངོས་འཛིན་ཡག་པོ་ཐུབ་པ་དང་། དགེ་རྒན་ནས་ཡི་གེའི་གཟུགས་འདྲོང་པོ་དང་གཙང་མ། མཛེས་པོ་བཅས་དགོས་རྒྱུའི་རེ་བ་འདོན་པ་ལྟར་སློབ་མས་ཀྱང་རང་གི་གཟུགས་པོ་ཡང་དེ་དང་འདྲ་བར་གཙང་མ་དང་། མཛེས་པོ། ཡག་པོ་ཞིག་ཡོང་ཐབས་ལ་འབད་པ། དེ་བཞིན་ནམ་རྒྱུན་ནས་རང་གི་གཙང་སྦྲ། འགྲོ་སྟངས། སྡོད་སྟངས་བཅས་ཚང་མར་དོ་སྣང་ཡོང་རྒྱུར་ཕན་ནུས་ཐོན་ཐུབ།

    གཉིས། ཡིག་གཟུགས་འབྲི་སྦྱོང་ལས་སློབ་མའི་ལུས་པོའི་འདུག་སྟངས་ལ་ཐོན་པའི་ཕན་ནུས།

    ཡི་གེ་འབྲི་དུས་སྡོད་པའི་གནས། །ལུས་གཟུར་མི་སྡོད་དྲང་པོར་འདུག །དགྱེ་སྒུར་རན་པའི་ཚད་གཞི་ནི། །འབྲི་གཞི་དང་ནི་མིག་གི་དབར། །རང་གི་འཁྲུ་གང་ཙམ་དུ་འཇོག །རྐུབ་སྟེགས་སྒྲོག་རྩེར་བསྟེན་པའི་སྐབས། །སྒྲོག་ཙེའི་མཐོ་ཚད་འབྲི་བ་བའི། །ལུས་ཀྱི་ལྟེ་བའི་མཚམས་ལ་འཁེལ། །ཡི་གེ་འབྲི་བའི་གནས་ས་ནི། །ནུ་མ་གཡས་པའི་ཁ་ཐུག་འཁེལ། །ཞེས་པ་ལྟར་ལོ་ཆུང་སློབ་མར་མཚོན་ན་ཁོ་ཚོའི་སྡོད་ཚུགས་ཀྱི་ནུས་པ་ཅུང་ཞན་སྟབས། ཡི་གེ་འབྲི་སྟངས་ཀྱི་སྡོད་སྟངས་དེ་ལས་ཁོ་ཚོར་དམིགས་བསལ་གྱི་ཕན་ནུས་ཐོན་ཞིང་། ཁོ་ཚོས་རང་གི་སྡོད་སྟངས་ལ་ཚོད་འཛིན་ཐུབ་པ་དང་། གྲལ་མཚེས་དབར་སྡོད་སྟངས་ཐད་ལ་འགྲན་བསྡུར་བྱེད་པ། དེ་བཞིན་ཁོ་ཚོའི་གཟུགས་གཞི་བདེ་ཐང་དང་འཚར་ལོངས་ཡོང་རྒྱུར་ཡང་དམིགས་བསལ་གྱི་ཕན་ནུས་ཐོན་ཐུབ་ཀྱི་ཡོད།

    གསུམ། སྨྱུ་གུ་འཛིན་སྟངས་ལས་ཐོན་པའི་ཕན་ནུས།

    སྨྱུ་གུ་ཇི་ལྟར་འཛིན་པའི་ཚུལ། །མཐེ་བོང་མཛུབ་མོ་གཉིས་ཀྱི་བར། །བཅུག་ནས་དཀྱིལ་མཛུབ་མར་རྣམས་བཀུག །སྦར་མཐིལ་སྒོ་ང་མ་ཆགས་དང་། །མཐིལ་ནས་ཆུ་ཡང་མི་འཛགས་ཞེས། །དམ་ལྷོད་རན་པའི་ཁྱད་པར་ཤེས། །སྨྱུ་གུའི་རྩེ་ནས་འཇུ་སའི་བར། །རང་གི་སོར་གཉིས་ཙམ་དུ་འཇོག །ཅེས་པས་བོད་ཡིག་འབྲི་སྐབས་སྨྱུ་གུ་འཛིན་སྟངས་ཚད་དང་ལྡན་པ་དེས་སློབ་མའི་ལག་པའི་རྩ་རྒྱུད་ཙམ་མ་ཟད། ལུས་ཡོངས་ཀྱི་རྩ་ལག་ཚང་མར་ཚད་དང་ལྡན་པའི་འགུལ་སྐྱོད་བྱེད་དགོས་སྟབས་གཟུགས་པོར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད།

    མདོར་ན། རང་ཉིད་ནས་ཉེ་བའི་ལོ་འགའི་ནང་གི་བོད་སྐད་ཡིག་གི་སློབ་ཁྲིད་བརྒྱུད་རིམ་ཁྲོད་སློབ་མར་བོད་ཡིག་ཡིག་གཟུགས་འབྲི་སྟངས་སྦྱོང་བརྡར་མང་དུ་བྱས་པའི་ནང་། ཡིག་གཟུགས་འབྲི་སྦྱོང་གིས་ཁོ་ཚོར་སྤྲོ་སྣང་སྦྱིན་ཐུབ་པ་ཙམ་མིན་པར། ཁོ་ཚོའི་ལུས་པོའི་འཚར་ལོངས་ལའང་ནུས་པ་གལ་ཆེན་ཞིག་ཐོན་ཐུབ་པ་མིག་མཐོང་ལག་ཟིན་བྱུང་གཤིས། གཞན་ཡང་། རྒྱ་ཆེའི་ལོ་ཆུང་སློབ་མ་ཚོས་དུས་ཡུན་རིང་པོར་ངང་རྒྱུད་རིང་པོས་ཡིག་གཟུགས་སྦྱོང་བརྡར་ལ་འབད་པ་རྩེ་གཅིག་ཏུ་བསྟེན་པས། ཁོ་ཚོའི་རང་སྟོབས་རང་སྤེལ་གྱི་ནུས་པ་དང་། ཡང་དག་པའི་མི་ཚེའི་ལྟ་བ། མི་དང་མིའི་དབར་གྱི་འབྲེལ་འདྲིས། གཙང་སྦྲ་འཕྲོད་བསྟེན། ཀུན་སྤྱོད་ཀྱི་བྱང་ཚད། རང་བཀུར་གྱི་བསམ་པ་སོགས་གང་ཅིའི་ཐད་ལ་ཕན་ནུས་ངེས་ཅན་ཞིག་ཐོན་ཐུབ་ཀྱི་འདུག་སྙམ་མོ།

    (བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་ཟླ་ཆུང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།