དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ཞིང་པ་དཀྱུས་མའི་སྤྱོད་བཟང་ལ་གུས་བཀུར་མི་ཐོབ་ག་ལ་སྲིད།

    —— སྐལ་བཟང་རྡོ་རྗེས་བདེན་པའི་རྒྱབ་ལངས་བྱས་པའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    སྐལ་བཟང་རྡོ་རྗེའི་སྐོར་གླེང་སྐབས་སྤོ་བོ་རྫོང་རྡོ་རྗེ་ཤང་ཤིས་པ་གྲོང་ཚོའི་ཡུལ་མི་སྤུན་མཆེད་ཀྱི་མིག་ནང་ཁོང་ནི“སེམས་རྩ་འཁོལ་བའི་མི”ཞིག་རེད། ལོ་52ལ་སླེབས་པའི་སྐལ་བཟང་རྡོ་རྗེས་སྔར་ནས་སྐད་གྲགས་གང་ཡང་མེད་པར་ཉེ་འགྲམ་གྱི་མི་ལ་རོགས་རམ་བྱས་ཀྱང་ཀུན་གྱིས་ཤེས་ཉུང་ཉུང་རེད། 2023ལོའི་ཟླ་12ཚེས་11ཉིན་གྱི་ཧང་སངས་དགོས་པའི་གཞན་སྲོག་སྐྱོབ་པའི་གནས་ཚུལ་ཞིག་ལས་གཞི་ནས་ཁོང་གི་སྤྱོད་བཟང་ཡོངས་སུ་གྲགས།

    2023ལོའི་ཟླ་12ཚེས་11ཉིན་གྱི་ཆུ་ཚོད་17ཙམ་ལ་སྐལ་བཟང་རྡོ་རྗེས་སྤོ་བོ་རྫོང་ནས་དངོས་ཟོག་ཉོས་རྗེས་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག སྤོ་བོ་རྫོང་རྡོ་རྗེ་ཤང་མོ་བརྒྱངས་གྲོང་ཚོ་བརྒྱུད་སྐབས་རླངས་འཁོར་ཆུང་ཆུང་ཞིག་དྲག་ཏུ་རྒྱུག་པའི་ཆུ་འཛོམས་གཙང་པོའི་དཀྱིལ་དུ་མགོ་རྟིང་ལོག་པ་མཐོང་འཕྲལ་སྐལ་བཟང་རྡོ་རྗེས་རླངས་འཁོར་ཁ་བཀག་ནས་ལྟ་ཞིབ་བྱེད་སྐབས་ལས་འཛོལ་ཐོན་པའི་རླངས་འཁོར་ནང་མི་གཉིས་ལུས་པ་མཐོང་། དེ་དུས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད། ཆུ་བོ་དྲག་ཏུ་རྒྱུག་པ་མ་ཟད། ནམ་དུས་དགུན་ཁ་ཡིན་པས་གྲང་ངར་ཤིན་ཏུ་ཆེ་ཡང་སྐལ་བཟང་རྡོ་རྗེས་ཕྱིར་བཤོལ་སྤུ་ཙམ་ཡང་མེད་པར་གཙང་པོའི་ནང་དུ་མཆོངས་ནས་མི་དེ་གཉིས་སྐྱོབ་ཐབས་བྱས། རླངས་འཁོར་གྱི་སྒོ་ཚབས་ཆེན་པོ་བརྡབས་ཡོད་པས་ཉེན་གྱར་མི་སྣ་རེན་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་སོ་སོས་རླངས་འཁོར་གྱི་སྒོ་ཕྱེ་ནས་རང་སྐྱོབ་བྱེད་ཐབས་བྲལ། ཛ་དྲག་གནས་ཚུལ་དེ་འདྲའི་འོག་སྐལ་བཟང་རྡོ་རྗེས་གྲང་ངར་གྱིས་རུས་ཟུག་རྒྱག་པའི་གཙང་པོ་བརྒལ་ནས་རྡོ་གཞུས་ཏེ་སྒེའུ་ཁུང་གི་ཤེལ་སྒོ་བཅག་རྗེས་མི་དེ་གཉིས་བསྐྱབས་ཐུབ་པ་རེད།

    སྐལ་བཟང་རྡོ་རྗེ་ཐང་ཆད་ནས་དབུགས་ཧད་ཀྱང་མི་གཉིས་ཀར་རྨས་སྐྱོན་ཕོག་པ་ཤེས་འཕྲལ་རླངས་འཁོར་བཏང་སྟེ་ཁོང་གཉིས་སྤོ་བོ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ། བརྟག་དཔྱད་བྱས་པ་བརྒྱུད་ཁོ་གཉིས་ཀྱི་ཚེ་སྲོག་ལ་ཉེན་ཁ་མེད་པ་གཏན་འཁེལ་བྱུང་རྗེས་རང་འགུལ་ངང་ཁོ་གཉིས་ཀྱི་སྨན་རིན་སྤྲད་པ་མ་ཟད། དྲོད་སྲུང་གྱོན་གོས་ཀྱང་ཉོས། བཀོད་སྒྲིག་ཚང་མ་ལེགས་གྲུབ་བྱུང་རྗེས་སྐལ་བཟང་རྡོ་རྗེ་ཁུ་སིམ་མེར་སྨན་ཁང་ནས་བྲལ་ཏེ། དེའི་སྐོར་མི་གཞན་ལ་བཤད་མེད།

    ཟླ་12ཚེས་14ཉིན་རེན་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་། གང་སར་སྐད་ཆ་དྲིས་རྗེས། སྲོག་སྐྱོབ་དྲིན་ཆེན་སྐལ་བཟང་རྡོ་རྗེ་ཡིན་པ་ཤེས་ཏེ་གོས་དར་ཁྱེར་ནས་སྐལ་བཟང་རྡོ་རྗེའི་ཁྱིམ་དུ་བསྐྱོད། སྲོག་སྐྱོབ་དྲིན་ཆེན་མཐོང་མ་ཐག་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་སྐལ་བཟང་རྡོ་རྗེའི་ལག་ནས་དམ་པོར་འཇུས་ཏེ“ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ང་གཉིས་ཀྱི་སྲོག་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ང་ཚོའི་ཚེ་སྲོག་བསྐྱབས་པ་མ་ཟད། ང་ཚོ་ཁྱིམ་ཚང་གཉིས་ཀྱང་བསྐྱབས་སོང”ཞེས་བཤད།

    “གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་མི་ཆུའི་ནང་ལྷུང་པ་མཐོང་ན་མི་སྐྱོབ་པ་ག་ལ་སྲིད། དེ་ནི་མིའི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཕྱིས་སུ་བསམ་བློ་གཏོང་དུས་ང་ཡང་སྐྲག་སྣང་སྐྱེས་བྱུང་། འོན་ཀྱང་སྐབས་དེ་དུས་གནས་ཚུལ་ཉེན་ཁ་ཆེ་བས་ཐད་ཀར་མི་བསྐྱབས་པར་ཕྱིན་པ་ཡིན། རྗེས་མ་གནས་ཚུལ་འདི་འདྲ་འཕྲད་ན་ངས་ད་དུང་དེ་ལྟར་བྱེད་སྲིད”ཅེས་སྐལ་བཟང་རྡོ་རྗེས་འཛུམ་དམུལ་དམུལ་ངང་བཤད།

    1972ལོར་སྐྱེས་པའི་སྐལ་བཟང་རྡོ་རྗེ་ནི་2008ལོར་ཏང་ནང་ཞུགས་པ་དང་། དུས་རྒྱུན་སོ་ནམ་ལས་ལ་གཞོལ་བ་དང་། སྐབས་རེ་རྫོང་གྲོང་དུ་གླ་པ་རྒྱུག་པར་འགྲོ་གི་ཡོད། འོན་ཀྱང་ཉེ་འགྲམ་གྱི་མིར་རོགས་པ་དགོས་ཚེ་ཁོང་གིས་རོགས་པ་བྱེད་རྐྱང་བྱེད་ཀྱི་ཡོད།

    སྐལ་བཟང་རྡོ་རྗེའི་བདེན་པའི་རྒྱབ་ལངས་དང་སེམས་རྩ་འཁོལ་བའི་བྱ་སྤྱོད་དེ་ནི་དེང་གི་བོད་ལྗོངས་ཀྱི་དུས་རབས་གསར་པའི་མཚོན་ཚུལ་ཡག་ཤོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།