ཆར་པ།
ཆར་པ་འབབ་བཞིན་འདུག ཕྱི་རོལ་གྱི་འཇིག་རྟེན་དུ་ཆར་པ་ཤག་ཤག་འབབ་བཞིན་འདུག ས་ཆེན་པོར་འབྲུ་དྲུག་སྐྱེ་ཞིང་ལོ་གཡང་འཁོར་ངེས། ཆར་པ་བབས་རྗེས་འཇའ་ཚོན་བཀྲ་ཞིང་མེ་ཏོག་བཞད་ངེས།
དབྱར་ཁ་ནི་དུས་ཐུང་སྐད་ཅིག་ཙམ་ཡིན་ཡང་། དུས་ཚིགས་འདིའི་ནང་དུ་དྭངས་གཙང་གི་འཇིག་རྟེན་ཡོད་ངེས། ལོ་འཁོར་ཧྲིལ་པོ་ཞིག་གི་ཆེས་མཛེས་པའི་ཡང་རྩེ་དེ་ཡོད་ངེས།
ཆར་པ་འབབ་ཀྱིན་འདུག ཆར་པ་ཟིམ་ཟིམ་ནང་སེམས་ཀྱི་གཞིས་ཀ་ལ་འབབ་ཀྱིན་འདུག ཆར་པས་མི་སེམས་ལ་གསོན་ཤུགས་དང་ཡིད་ཆེས་བསྩལ་ངེས། ཆར་པས་ཁྲེལ་གཞུང་དང་མཛའ་བརྩེའི་ཕྱི་ཐག་གནང་ངེས།
མི་ཚེ་ནི་སྐྱེ་འཆི་མི་རྟག་པའི་རང་བཞིན་ཡིན་ཡང་། ན་ཚོད་འདིའི་དཀྱིལ་དུ་སྙིང་དུ་སྡུག་པའི་རྨི་ལམ་བསྐུངས་ཡོད། འཁོར་བ་ལ་སྙིང་པོ་ཡོད་པའི་གསང་བ་སྦས་ཡོད།
ཝ་ཡེ། སྙིང་ཉེ་བའི་གྲོགས་པོ་ལགས། ཆར་པའི་དཀྱིལ་དུ་མིག་ཟུང་བཙུམས་ཏེ་འགྲེང་ཙམ་གནོངས་དང་། ཆར་པའི་ཀློང་དུ་དགའ་སྤྲོ་ཆེན་པོས་རྒྱུག་ཤར་གློད་དང་། ཆར་པས་ཐལ་རྡུལ་གྱིས་འཚོས་པའི་ངོ་གདོང་ལ་བྱབས་ཁྲུས་ལན་གཅིག་གནང་ངེས། ཆར་པས་གཉིད་ལ་ཤོར་བའི་མེ་ཏོག་ལ་བཀྲག་མདངས་གསར་པ་ཞིག་སྦྱིན་ངེས་པས། ཁྱེད་ཀྱིས་ཆར་པར་སུན་སྣང་མ་གནང་རོགས།