རང་ཚོད་མི་ཟིན་པའི་རུས་སྦལ།
རུས་སྦལ་གྱི་སྐོགས་ཤུན་ཧ་ཅང་མཁྲེགས་པོ་ཡོད། ཁོའི་སྒལ་པའི་སྟེང་དུ་རི་བོང་སོགས་འཛེགས་ཀྱང་ཁོ་འགུལ་ཐུབ་ཅིང་འགྲོ་ཡང་ཐུབ་པས། རི་བོང་སོགས་ཀྱིས་ཁོ་ལ། སྟོབས་པོ་ཆེ་ཞེས་འབོད་ལ། ཁོས་ཀྱང་ང་རྒྱལ་དང་བཅས་ཏེ། ཁྱོད་ཚོ་ངའི་སྒལ་པར་འཛེགས་ན་བྱ་སྤུ་ལྟར་ཡང་བས་འཁུར་རིན་མེད་ཅེས་ཟེར།
དེར་རི་བོང་གིས། འོ་ན། ཁྱོད་ཀྱིས་ལྗིད་ཚད་ཅི་ཙམ་ཐེགས་ཐུབ་ཅེས་དྲིས་པར། རུས་སྦལ་གྱིས། གླང་ཆེན་ལ་ལྗིད་ཚད་ཅི་ཙམ་ཡོད་ཅེས་དྲིས། རི་བོང་གིས། དེའི་ལྗིད་ཚད་ལ་ཏུན་གཅིག་གཉིས་ཤིག་ཡོད་ཅེས་བཤད། རུས་སྦལ་གྱིས་ཧམ་པ་ཆེན་པོས། མི་ཐེག་པ་ཅི་ཡོད། དེ་ཁྲིད་ཤོག་ཅེས་བཤད།
སྐབས་དེར། ཏག་ཏག་གླང་ཆེན་ཞིག་ས་ཆེ་དེ་བརྒྱུད་ནས་འགྲོ་བཞིན་ཡོད་པ་དང་། ཁོས་རུས་སྦལ་གྱི་འུད་གཏམ་ཐོས་ཏེ། ཧ་ཧ་ཞེས་ཁྲེལ་དགོད་ཅིག་བྱས་ནས། དེ་ནི་སྔར་གོ་མ་མྱོང་བའི་གཏམ་གསར་པ་ཞིག་རེད། ང་ཚོ་གླང་ཆེན་གྱིས་དངོས་པོ་གཞན་འཁུར་བ་ལས། གཞན་སུས་ཀྱང་ང་ཚོ་གླང་ཆེན་འཁུར་བ་ཐོས་མ་མྱོང་། དེ་རིང་ངས་སྲོག་ཆགས་ཆུང་ངུ་ཁྱོད་ལ་ནུས་སྟོབས་ཅི་འདྲ་ཡོད་པ་ལྟའོ་ཞེས་ཟེར།
རུས་སྦལ་གྱིས་གླང་ཆེན་ལ་ལྟ་སྐབས། གླང་ཆེན་དེ་ནི་རི་བོ་བཞིན་དུ་མཐོ་ཞིང་ཆེ་བར་སྣང་མོད། རུས་སྦལ་གྱི་ང་རྒྱལ་ནི་རི་བོ་ལས་ཀྱང་ཆེ་བས། འགྲིག་གི་རེད། ཁྱོད་ཀྱིས་ངའི་སྒལ་པར་བཞོན་དང་། ནུས་སྟོབས་སུ་ཆེ་ལྟའོ་ཞེས་ཟེར་ཞོར་ལ། ལུས་པོ་ཕར་སྒུལ་ཚུར་སྒུལ་བྱེད་བཞིན་སུག་བཞི་ས་ལ་བརྟན་པོར་བཙུགས་ནས་བསྡད།
གླང་ཆེན་གྱིས་ལག་སུག་གཡས་པ་ཡར་བཀྱགས་ནས་རུས་སྦལ་གྱི་སྒལ་སྟེང་དུ་སྤོས་མ་ཐག རང་ཚོད་མ་ཟིན་པའི་རུས་སྦལ་དེ་ཚག་སྒྲ་དང་བཅས་ཧྲུག་ཆག་ཏུ་སོང་ངོ་།།