དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • སྨྱུག་རྩེ་ལས་འཁྲུངས་པའི་མངོན་མིན་རིག་གནས་ཤུལ་བཞག རྒྱུན་འཛིན་དང་དར་སྤེལ་བྱུང་བའི་བོད་ཡིག་ཡིག་གཟུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    ▲ ཟླ་བ་ཚེ་རིང་གིས་བོད་ཡིག་ཡིག་གཟུགས་འབྲི་བཞིན་པ།

    ▲ ཟླ་བ་ཚེ་རིང་གིས་བྲིས་པའི་བོད་ཡིག་ཡིག་གཟུགས།

    གླེང་གཞི།

    སྨྱུག་རྩེའི་འཁྱུག་འགྲོས་ལས་གཏམས་པའི་གནའ་ཉམས་དོད་པའི་ཡིག་གཟུགས་རེ་རེ་ལས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གཏམ་རྒྱུད་མཚོན་པ་དང་བློ་གྲོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཡོངས་སུ་མངོན། བོད་ཡིག་ཡིག་གཟུགས་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། ཀྲུང་ཧྭའི་མི་རིགས་རིག་གནས་བང་མཛོད་ནང་གི་ཆེས་རྣམ་པར་བཀྲ་བའི་ནོར་བུའི་གྲས་ཤིག་ཀྱང་རེད། དེར་ལོ་རྒྱུས་ཡུན་རིང་ལྡན་ལ་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་ཡོད། ཟླ་4ཚེས་30ཉིན་ནི“རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་ཉིན་མོ”རེད། དེ་ཉིན། གསར་འགོད་པས་ཆེད་མངགས་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་ཚེ་རིང་ལགས་ལ་བཅར་འདྲི་ཞུས་ཏེ་བོད་ཡིག་ཡིག་གཟུགས་ཀྱི་ཁྱད་དུ་འཕགས་པའི་མཛེས་པ་རྒྱུས་ལོན་བྱས་པ་ཡིན།

    བོད་ཡིག་ཡིག་གཟུགས་ཀྱི་འཐུས་སྒོ་ཚང་ཤོས་ཀྱི་སྙེ་བྲིས་འབྲི་རྩལ།

    བོད་ཡིག་ཡིག་གཟུགས་ནི་བོད་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ལོའི་དུས་རབས་བདུན་པར། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཐོན་མི་སམ་བྷོ་ཊས་སྔར་ཡོད་ཡི་གེའི་རྨང་གཞིའི་ཐོག་སྦྱངས་པ་ཧུར་ཐག་མཛད་དེ་བོད་ཀྱི་རིག་གནས་དང་ཟུང་འབྲེལ་གྱིས་ད་ལྟ་ཚང་མས་སྤྱོད་བཞིན་པའི་འཐུས་སྒོ་ཚང་བའི་བོད་ཡིག་གསར་གཏོད་མཛད།

    སྨྱུག་རིས་མངོན་གསལ་དོད་པའི་སྙེ་བྲིས་ཡིག་གཟུགས་ནི་འཐུས་སྒོ་ཚང་ཤོས་ཡིན་ལ། བོད་ཡིག་ཡིག་གཟུགས་འབྲི་ལུགས་ཆེན་པོ་བརྒྱད་ཀྱི་ཨ་མ་ལྟ་བུ་ཡིན་པས། སྐབས་དེ་དུས་བོད་ས་གནས་སྲིད་གཞུང་གི་གཞུང་སྤྱོད་ཡི་གེར་གྱུར། དེ་ཡང་མིང་ཇི་ལྟར་ཐོབ་པ་ཡིན་ནམ་ཞེ་ན། སྙེ་བྲིས་ལུགས་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་བྱང་ངོགས་ཀྱི་སྙེ་མོ་རྫོང་ནས་དར་ཞིང་། ཡུལ་དེར་མི་ཆོས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཤིང་ལོ་རྒྱུས་རིང་བ་དང་། བོད་ཡིག་གསར་གཏོད་མཛད་མཁན་དང་སྤོས་བཟོའི་ལག་རྩལ་གྱི་སྲོལ་གཏོད་པ་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡང་ཡིན་ཞིང་། དེར“བོད་ཡིག་གསར་གཏོད་མཛད་མཁན་གྱི་ཕ་ཡུལ”དང“སྤོས་ཀྱི་རིག་གནས་དར་ཡུལ”ཞེས་པའི་མཚན་སྙན་ཡོད་ལ། ཉེ་རིང་གང་སར་སྐད་གྲགས་ཆེ་བའི“ལག་ཤེས་པའི་ཕ་ས”ཡང་ཡིན་པས་མིང་དེ་ལྟར་ཐོགས།

    2008ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཡིག་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པར་བཅུག་པ་དང་། 2014ལོར་སྙེ་བྲིས་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་བཞི་པའི་རྒྱ་སྐྱེད་རྣམ་གྲངས་ཀྱི་གྲས་སུ་བཅུག་པ་རེད།

    “རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོ”ནི་བོད་ཡིག་ཡིག་གཟུགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་གཏན་ལ་ཕབ་པའི་ཉིན་མོ་ཞིག་ཡིན་ཞིང་། ལོ་རེའི་ཟླ་4ཚེས་30ཉིན་ཡིན་པ་རེད། “རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོ”ནི་2017ལོའི་ཟླ་4པར་ཟི་ལིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོར་གཏན་ལ་ཕབ་པ་ཞིག་རེད། བགྲོ་གླེང་ཚོགས་འདུ་དེར། བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་ལོ་རྒྱུས་རིང་མོ་དང་རིག་གནས་ཀྱི་ནང་དོན་ཟབ་མོར་དྲན་གསོ་ཞུ་ཕྱིར། དམངས་གཙོའི་འདེམས་ཤོག་འཕངས་ནས་ཟླ་4ཚེས་30ཉིན་ནི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོར་གཏན་འཁེལ་བྱས་པ་རེད།

    བོད་ཡིག་ཡིག་གཟུགས་ཀྱི་བྲིས་པ་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་པ།

    ཟླ་བ་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང《ཀྲུང་གོ་ཡིག་གཟུགས་ཚགས་པར》བོད་ལྗོངས་ལྷ་ས་ལས་དོན་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་རེད། རྒན་ཡོལ་མ་ཞུས་གོང་། ཁོང་ནི་ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་བོད་ཡིག་དགེ་རྒན་ཆེ་མོ་ཞིག་ཡིན་ཞིང་། སྔ་རྗེས་སུ《སུམ་རྟགས་འགྲེལ་ཆུང་གོ་བདེའི་ལྡེ་མིག་བཞུགས་སོ》དང་། 《དོན་རྒྱན་སོ་ལྔའི་དཔེར་བརྗོད་གསར་བུའི་རྣ་དབང་འདྲེན་པའི་ཏམྦུརའི་སྒྲ་དབྱངས》 《བོད་ཡིག་གི་རྨང་གཞི་དང་རྒྱུན་ཤེས་གསལ་འགྲེལ》སོགས་ཀྱི་བོད་ཡིག་བསླབ་གཞི་དཔེ་སྐྲུན་མཛད་ཡོད།

    “རང་ཉིད་ཀྱི་ངོས་ནས་བརྗོད་ན། ཡིག་གཟུགས་ནི་སེམས་དང་རྣམ་ཤེས་ཡོད་པ་དང་ཁྱད་མེད་པའི་ཧ་ཅང་མཛེས་པའི་སྒྱུ་རྩལ་ཞིག་རེད”ཅེས་ཟླ་བ་ཚེ་རིང་གིས་དོན་གྱི་མདོ་ཁ་བསྟན། ལོ་མང་གོང་། ཟླ་བ་ཚེ་རིང་བཤེས་གཉེན་ལས་ལ་འཇུག་མ་ཐག་པའི་སྐབས་སུ་ནག་པང་སྟེང་གི་སོ་སོའི་ས་སྨྱུག་ཡི་གེ་ཀྱག་ཀྱོག་ལ་ཕྲུ་གུ་ཚོས་དགའ་པོ་བྱས་ཨེ་ཡོང་སྙམ་སྟེ། དཀའ་བ་ཁྱད་དུ་བསད་ནས་བོད་ཡིག་ཡིག་གཟུགས་ལ་འབུངས། སེམས་ཐག་འདི་ལྟ་བུ་བཅད་པ་ལས་ཁོང་དང་ཡིག་གཟུགས་དབར་ལས་འབྲེལ་བྱུང་ཡོད།

    གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་པ་ལྟར། བོད་ཡིག་ཡིག་གཟུགས་སྦྱོང་སྐབས་ཟླ་བ་ཚེ་རིང་སྙེ་བྲིས་དབུ་ཅན་དང་འཁྱུག་ཡིག་ལ་དགའ་ཞེན་ཆེན་པོ་ཡོད། ཡིག་གཟུགས་འབྲི་བའི་སྨྱུག་རྩལ་ལ་འབད་པ་ལྷུར་ལེན་བྱེད་དགོས་ལ། ལད་ཟློས་བྱེད་པ་དེ་ནི་ཡིན་ཅིག་ཆད་མི་རུང་བ་ཞིག་རེད། ཟླ་བ་ཚེ་རིང་གིས་དགེ་རྒན་གྱི་བྲིས་མར་ཞིབ་ལྟ་ཡུན་རིང་བྱས་ནས་ལས་སླ་པོར་སྨྱུ་གུ་འགུལ་གྱི་མེད། “ཡིག་འབྲུ་གཅིག་གི་ཁྱད་ཆོས་རྒྱུས་མངའ་མཐར་ཕྱིན་པ་མ་ལོན་བར་དུ་སྨྱུ་གུ་འཛུགས་ཀྱི་མེད”ཅེས་ཟླ་བ་ཚེ་རིང་གིས་བརྗོད་ཅིང་། སྙེ་བྲིས་ཐོག་མར་སྦྱོང་སྐབས་རྒྱུན་དུ་ཉིན་བཅུ་ལྷག་ཙམ་རྦད་དེ་གསལ་བྱེད་གཅིག་རང་སྦྱོང་གི་ཡོད།

    ཟླ་བ་ཚེ་རིང་གིས་སྙེ་མོ་རྫོང་གི་ཞིང་པ་བཀྲ་ཤིས་ཕུན་ཚོགས་དང་བསོད་ནམས་བཀྲ་ཤིས་ཀྱི་ས་ནས་སྙེ་བྲིས་དབུ་ཅན་སྦྱངས་པ་དང་། ཕྱིས་སུ་ཁོང་གིས་རང་ཉིད་ཀྱི་ཡིག་གཟུགས་འབྲི་རྩལ་ཉེ་འཁོར་གྱི་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོར་བརྒྱུད་ཁྲིད་བྱས། རྒན་ཡོལ་ཞུས་ནས་ལོ་བཅུ་ཙམ་སོང་རིང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཡིག་གཟུགས་སྦྱོང་བར་ཡོང་མཁན་ཚོར་འོས་འགན་ཟུར་ཁྲིད་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་ཁོང་ཚོར་ཡིག་གཟུགས་ཀྱི་མི་འདང་བའི་ཆ་གསབ་རོགས་བྱེད་ཀྱི་ཡོད། ཁོང་གི་སློབ་མའི་གྲས་སུ་ཞིབ་འཇུག་སློབ་མ་དང་། མཐོ་འབྲིང་གི་དགེ་རྒན། སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་བཅས་ཡོད་ལ་སྤྱིར་བཏང་ལས་གནས་ཀྱི་མི་ཡང་ཡོད། གང་ལྟར་སློབ་མ་ཚོའི་གོ་བབ་དང་ཐོབ་ཐང་མཐོ་དམན་གང་ལའང་མ་བལྟོས་པར་ཟླ་བ་ཚེ་རིང་གིས་ཚང་མར་ལྟ་སྟངས་གཅིག་མཚུངས་འཛིན་ནས་རང་ཉིད་ཀྱིས་ཤེས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་སློབ་ཀྱི་ཡོད། སྐབས་དེ་དུས་ཁོང་ནི་སྦྲེལ་ཟམ་ཞིག་དང་ཀུན་ནས་མཚུངས་ཤིང་། དགེ་རྒན་དང་སློབ་མའི་དབར་གྱི“བརྒྱུད་སྤྲོད་མཁན”ཞིག་ཏུ་གྱུར་ཡོད།

    “བོད་ཡིག་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་ཞིག་ཡིན་པའི་ངོས་ནས། ང་ལའང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འོས་འགན་ཡོད། དེས་ན་ངས་ཐོག་མའི་བསམ་འདུན་མ་བརྗེད་པར་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་བོད་ཡིག་ཡིག་གཟུགས་ཀྱི་སློབ་ཚན་མང་ཙམ་ཁྲིད་ནས་ཤུལ་འཛིན་མཁན་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད”ཅེས་ཟླ་བ་ཚེ་རིང་གིས་བཤད། ཁོང་གིས་གོམ་སྟབས་རྗེས་མར་དམངས་ལ་སློབ་ཚན་ཁྲིད་པ་དང་གསོ་སྦྱོང་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྔར་བས་སྐུལ་འདེད་བཏང་སྟེ། མི་དེ་བས་མང་བས་བོད་ཡིག་ཡིག་གཟུགས་ལ་ཞིབ་འཇུག་དང་སློབ་སྦྱོང་གིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    ཟླ་བ་ཚེ་རིང་དགེ་རྒན་དུ་བསྟེན་ནས་རྒྱུན་འཛིན་ལས་ལ་ཞུགས་པ།

    ཚེ་གཡང་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་ཡིན་ཞིང་། གཏིང་ཟབ་པའི་ཤེས་ཡོན་དང་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་ལས་ཁོང་ལ་སློབ་མ་ཚོའི་བརྩི་བཀུར་ཐོབ་ཡོད། ཁོང་ནི་ཟླ་བ་ཚེ་རིང་གི་ཕུལ་དུ་བྱུང་བའི་སློབ་མ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། ཚེ་གཡང་གིས“ང་དང་རྒན་ཟླ་བ་ཚེ་རིང་ལགས་དབར་ཡིག་གཟུགས་བརྒྱུད་ལས་འབྲེལ་ཟབ་མོ་བྱུང་། ང་ཚོས་རྟག་ཏུ་སྤེལ་རེས་དང་སློབ་སྦྱོང་བྱས་ནས་ཡིག་གཟུགས་ཀྱི་ངོ་མཚར་ཆེ་བའི་གནས་ལ་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བཤད། ཁོང་གིས་བོད་ཡིག་ཡིག་གཟུགས་ནི་སྒྱུ་རྩལ་ཙམ་མ་ཟད། ལུས་སེམས་གསོ་བའི་སྨན་མཆོག་ཅིག་དེ་བས་ཀྱང་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་མཆོག་ནོར་འདུས་ཡོད་པས། ལོ་ངོ་སྟོང་གི་རིག་གནས་ཀྱི་ཉིང་བཅུད་རྒྱུན་འཛིན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

    ལོ་བཞིའི་གོང་སྟེས་དབང་གི་གོ་སྐབས་ཤིག་ལས་ཚེ་གཡང་ལ་ཟླ་བ་ཚེ་རིང་གི་ས་ནས་བོད་ཡིག་ཡིག་གཟུགས་སྦྱོང་བའི་སྐལ་བ་བཟང་པོ་ཐོབ། ལས་བྲེལ་ཆེ་བའི་དབང་གིས་ཁོང་རྣམ་ཀུན་ལས་ཞོར་ལ་ཡིག་གཟུགས་སྦྱོང་རྒྱུ་ལས་མ་འདས། ཟླ་བ་ཚེ་རིང་གི་སློབ་སྟོན་ཞིབ་ཚགས་འོག་ཚེ་གཡང་གིས་དངོས་སུ་སྙེ་བྲིས་ཤེས་རྟོགས་དང་རྒྱུས་ལོན་བྱེད་པ་ནས་སློབ་སྦྱོང་གཏིང་ཟབ་བྱེད་འགོ་བརྩམས། འབད་བརྩོན་ལྷོད་མེད་དང་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད། ད་གཟོད་ཁོང་གིས་སྙེ་བྲིས་ཀྱི་རྨང་གཞིའི་འབྲི་སྟངས་ཁོང་དུ་ཆུད་ཡོད། ཟླ་བ་ཚེ་རིང་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་འགན་ནན་པོ་ཁུར་བ་མ་ཟད། སྐབས་འགར་ལས་བྱ་བཀོད་སྒྲིག་བྱས་ནས་ཚེ་གཡང་གི་ཡིག་གཟུགས་འབྲི་རྩལ་ཡག་ཐོག་ཡག་བརྩེགས་ཡོང་བར་རོགས་རམ་བྱེད་ཀྱི་ཡོད། རྒྱུན་ལྡན་སློབ་སྦྱོང་བྱེད་རིང་ཟླ་བ་ཚེ་རིང་གིས་བརྙན་ལམ་བརྒྱུད་ཚེ་གཡང་གི་དྲི་བར་ངང་རྒྱུད་རིང་པོས་ལན་འདེབས་པ་མ་ཟད། ད་དུང་ཁོང་མུ་མཐུད་འབད་བརྩོན་བྱས་ནས་སྙེ་བྲིས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུའི་ལྕག་སྐུལ་ཡང་བྱེད་ཀྱི་ཡོད།

    ད་ཆ་ཚེ་གཡང་གིས་རང་རྐྱ་འཕེར་བའི་ངང་ཡིག་གཟུགས་བརྩམས་ཆོས་འབྲི་ཐུབ་ཀྱི་ཡོད། འདི་ལོའི་ཟླ་བ་བཞི་པར། ཁོང་གིས་རིམ་པ་མི་འདྲ་བའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་པ་དང་འགྲན་ཞུགས་བརྩམས་ཆོས་ཚང་མ་རང་ཉིད་ཀྱིས་བྱང་ཆུབ་པའི་སྙེ་བྲིས་ཤ་སྟག་རེད། “སློབ་མའི་བག་ཆགས་ནང་ཚེ་གཡང་ནི་སྙིང་རུས་ཆེ་ཤོས་ཡིན་པ་སྨོས་མེད་རེད། མི་གཞན་གྱིས་ཐེངས་གཅིག་སྦྱོང་སར་ཁོ་མོས་ཐེངས་ལྔ་སྦྱོང་གི་ཡོད་པས། ཁོ་མོས་ཡིག་གཟུགས་ལ་བཅངས་པའི་སྤྲོ་སེམས་དང་སྙིང་རུས་ནི་སེམས་འགུལ་ཐེབས་འོས་པ་ཞིག་ཡོད”ཅེས་ཟླ་བ་ཚེ་རིང་གིས་ཚེ་གཡང་ལ་བསྟོད་པའི་མཐེ་བོང་སྒྲེང་བ་དང་། ཟླ་བ་ཚེ་རིང་གིས་ཚེ་གཡང་གི་ཧུར་བརྩོན་དང་འཇོན་ཐང་ལས་ཁོང་བོད་ཡིག་ཡིག་གཟུགས་ཀྱི་ལམ་བུར་མདུན་ལམ་ཡངས་པོ་ཡོང་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    (ཚེ་བརྟན་སྒྲོལ་དཀར་དང་སྐལ་བཟང་མཆོག་སྐྱིད་ཀྱིས་སྒྱུར་ཞུས་བྱས)

    མཇུག་བསྡུའི་གཏམ།

    ལོ་ངོ་ལྔ་སྟོང་གི་ཉམས་སད་དང་། ལོ་ངོ་ལྔ་སྟོང་གི་བརྩེ་བ་ཟབ་མོ། ལོ་ངོ་ལྔ་སྟོང་གི་བློ་གྲོས་གཅིག་སྡུད་བཅས་ལས་བྱུང་བའི་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ནི་འདོར་ཐབས་བྲལ་བའི་གནའ་བོའི་བརྩེ་སེམས་ཤིག་ཡིན་ལ། ལྗིད་ཏིག་ཏིག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་དེ་བས་ཀྱང་རེད། ད་ཆ་བོད་ཡིག་ཡིག་གཟུགས་དེ་ས་མཐོའི་འོད་སྟོང་འཕྲོ་བའི་རྩ་ཆེའི་མཆོག་ནོར་ཞིག་ཏུ་གྱུར་ནས་བོད་ཀྱི་རིག་གནས་ལས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།