སྲིད་བཟང་སྦྲང་ཆར་ཟིལ་མའི་འོག ཐོན་རྫས་གསར་གཏོད་ལས་ལ་འབད།
—— བོད་དུ་ལས་གཏོད་བྱེད་མཁན་པེ་ཅིང་སློབ་ཆེན་ཐོན་པའི་སྒྲོལ་མའི་སྐོར་བཀོད་པ།
འདི་ནི་སྒྲོལ་མ(གཡོན་གྱི་དང་པོ)བོད་རང་སྐྱོང་ལྗོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་སྐབས་འཐུས་མི་གཞན་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།
འདི་ནི་བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་དང་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སིའི་གཙོ་གཉེར་བ་སྒྲོལ་མ་ཡིན་པ།
འདི་ནི་ཡུས་མིན་ཧུང(གཡས་ཀྱི་དང་པོ)གིས་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སིར་ལྟ་སྐོར་བྱེད་བཞིན་པ།
འདི་ནི་སྒྲོལ་མས(གཡོན་གྱི་དང་པོ)གཞི་རིམ་གྱི་བུད་མེད་དང་མཉམ་དུ་ཐོན་རྫས་ཕྱིར་ཚོང་གི་གནད་དོན་སྐོར་གླེང་བཞིན་པ།
འདི་ནི་སྒྲོལ་མས་སློབ་ཆེན་སློབ་མ་དང་ཞིང་འབྲོག་ལས་གཏོད་པར་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་བཞིན་པ།
འདི་ནི་སྒྲོལ་མས་གཞི་རིམ་དུ་བརྟག་ཞིབ་བྱེད་བཞིན་པ།
འདི་ནི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པའི་འགྲོ་ཕན་གླིང་གི་ཐོན་རྫས་ཡིན་པ།
ཉེ་ཆར། ཡུས་མིན་ཧུང་དང་བཅས་པ་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སིར་ལྟ་སྐོར་དུ་སླེབས། “འགྲོ་ཕན་གླིང་ནི་བོད་དུ་བཙུགས་ནས་ལོ་མང་ཕྱིན་པའི་ལག་ཤེས་རིག་གནས་བསམ་བཀོད་ཀྱི་ནུས་སྤྲོད་ཀུང་སི་ཞིག་རེད། ཀུང་སིས་རྒྱུན་མཐུད་ཆོག་པའི་ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་ཐོན་སྐྱེད་ལ་བརྟེན་ནས་བོད་ཀྱི་གྲོང་གསེབ་བུད་མེད་ཀྱི་འཇོན་ཐང་དང་གསར་གཏོད་ནུས་པ་གསོ་སྐྱོང་དང་། ཁོང་ཚོའི་དཔལ་འབྱོར་རང་རྐྱ་འཕེར་བ་དང་སོ་སོར་ཡིད་ཆེས་བརྟན་དུ་བཏང་ནས། གྲོང་གསེབ་བུད་མེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁེ་ལས་ལ་གསོན་ཤུགས་སྦྱིན་ཏེ་སྒོ་འགྲམ་གྱི་བཟོ་ཁང་བཏོད་ཡོད”ཅེས་འགྲོ་ཕན་གླིང་གི་གཙོ་གཉེར་བ་སྒྲོལ་མས་སྤོབས་སེམས་ཆེན་པོས་རང་ཉིད་ཀྱི་ཀུང་སི་དང་ཚོགས་པ་ངོ་སྤྲོད་བྱས།
པེ་ཅིང་སློབ་ཆེན་ཁྲིམས་ལུགས་སློབ་གླིང་ནས་ཐོན་པའི་སྒྲོལ་མས་སྙིང་རུས་དང་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་བརྩམས་ཏེ། ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་སྤྱི་ཚོགས་ལ་བཅངས་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས། 2019ལོར་ཁོང་བོད་རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད”དར་དམར་བར་བདམས།
2007ལོར་སྒྲོལ་མ་པེ་ཅིང་སློབ་ཆེན་ཐོན་ནས་པེ་ཅིང་གི་བོད་སྨན་ཁེ་ལས་ཤིག་ཏུ་ལས་ཀ་བྱས། ཀུང་སི་ཁྲོམ་རར་འདོན་པའི་འཆར་འགོད་བརྒྱུད་རིམ་ནང་ཁོ་མོས་ཀུང་སིའི་འཕེལ་རིམ་དང་ཀུང་སི་ཇི་ལྟར་བྱས་ནས་སྟོབས་ཆེར་ཕྱིན་མིན་གྱི་གནས་ཚུལ་རྣམས་མིག་མཐོང་ལག་ཟིན་བྱུང་ཡོད།
ལོ་ཤས་སོང་རྗེས། སྒྲོལ་མས་རང་འགུལ་ངང་བོད་དུ་ཡོད་པའི་ཀུང་སིའི་ཡན་ལག་པུའུ་རུ་ལས་སྒྱུར་བྱ་རྒྱུའི་རེ་འདུན་ཞུས། བོད་དུ་ལས་ཀ་བྱེད་རིང་། ཁོ་མོས་ལྷ་སའི་ཕྲན་ཚེགས་ཁེ་ལས་ལ་ཆེད་ལས་བློ་འདྲི་ཀུང་སི་མེད་པ་ཤེས་རྟོགས་བྱུང་རྗེས། 2017ལོར་ལོ་36ལ་སླེབས་པའི་སྒྲོལ་མས་ལས་གཏོད་བྱེད་འགོ་ཚུགས་ནས་སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་ཁག་གཅིག་གི་སྣེ་ཁྲིད་དེ་བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས།
བོད་ཀྱི་ས་གནས་དེ་གའི་ཁེ་ལས་ཀྱི་དགོས་མཁོ་ཤེས་རྟོགས་དེ་བས་ལེགས་པ་བྱ་ཆེད། སྒྲོལ་མ་དང་ཚོགས་པས་གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པར་བྱས།
གཞི་རིམ་ནས་སྒྲོལ་མར་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པའི་དགའ་སྣང་ངང་གིས་སྐྱེས་པ་མ་ཟད། བརྟག་ཞིབ་བྱེད་རིང་ཁོ་མོར་ད་དུང་བློ་རིག་བཀྲ་ཞིང་ལག་རྩལ་བྱང་ཆུབ་པའི་བོད་རིགས་བུད་མེད་མང་པོ་ངོ་ཤེས། བུད་མེད་ཚོས་ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་མང་དག་ཅིག་འཐག་ཐུབ་ཀྱང་ཕྱིར་ཚོང་གི་ཐབས་ལམ་མེད་པར་ལུས་པའི་གནས་ཚུལ་མང་དག་ཞིག་ཤེས་རྟོགས་བྱུང་བ་རེད།
སྒྲོལ་མས་ལག་ཤེས་ཞིབ་འཇུག་དང་། ལག་ཤེས་ཉམས་ལེན། ལག་ཤེས་གསོ་སྦྱོང་བཅས་ཟུང་དུ་འབྲེལ་བའི་ཚོང་ལས་རྣམ་པ་བརྒྱུད་མི་རིགས་ལག་ཤེས་ཐོན་རྫས་ཚོང་ཁང་ཞིག་བཙུགས་ཐུབ་ན། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་ལ་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལག་རྟགས་མཁོ་འདོན་བྱེད་ཐུབ་པ་མ་ཟད། ད་དུང་བོད་རིགས་བུད་མེད་ཀྱི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པས་དོན་སྙིང་གལ་ཆེན་ལྡན་པ་སྙམ་གྱི་ཡོད།
2019ལོར་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སི་གཉེར་སྐྱོང་བྱེད་འགོ་ཚུགས། རང་སྐྱོང་ལྗོངས་རིམ་པའི་གསར་གཏོད་སྐྱོང་གསོའི་ལས་སྟེགས་ཤིག་ཡིན་པའི་འགྲོ་ཕན་གླིང་གིས་རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོར་བརྟེན་ནས་གྲངས་གཞི་ཅན་དང་། IPཅན། དར་སྲོལ་ཅན། ཁྲོམ་ར་ཅན། ཐོན་ལས་ཅན་བཅས་ཀྱི་རྣམ་པ་གསར་པ་བརྒྱུད་གོ་ལ་ཧྲིལ་པོའི་ཐོན་ཁུངས་སྤུས་ལེགས་སྦྲེལ་མཐུད་དང་མཉམ་ལས་སྟེགས་བུ་བསྐྲུན་ཐོག་སྒོ་དབྱེ་དང་ཆ་ཚང་བའི་གྲངས་གཞིའི་མཛོད་ཀྱི་མ་ལག་ཅིག་བཙུགས་ཏེ་བོད་ཀྱི་ས་གནས་ཁག་གི་ལག་ཤེས་པའི་ཐོན་རྫས་བསྡུས་ནས་གོ་ལ་ཧྲིལ་པོར་བོད་ཀྱི་ལག་ཤེས་པའི་ལག་རྩལ་ངོམ་སྟོན་བྱས།
བརྒྱུད་རིམ་དེའི་ནང་འགྲོ་ཕན་གླིང་གིས་ད་དུང་མི་རིགས་ལག་ཤེས་བཟོ་རྩལ་གྱི“བཟོ་ཁང་རྟེན་གཞི”20ལྷག་ཙམ་བསྐྲུན་པའི་ཁར། ཨ་ཅག་གི་སློབ་ཁང་དང་སྡེ་ཁུལ་གྱི་བཟོ་གྲྭ་ཟུང་འབྲེལ་ལ་བརྟེན་ནས་བུད་མེད་300ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས། བོད་རིགས་ལག་ཤེས་པ་ཚོ་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
“ཉེ་བའི་ལོ་ཤས་རིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཀུང་སིས་ཀྱང་བོད་ཀྱི་རིག་གནས་ལག་རྩལ་བསམ་བཀོད་ཐོན་རྫས་མང་དག་ཅིག་ཐོན་སྐྱེད་དང་ཕྱིར་ཚོང་གི་ལས་སྟེགས་མཁོ་འདོན་གྱི་ཚོད་ལྟ་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད། ད་ཆ་ལྷ་ས་གྲོང་ཁུལ་དུ་ང་ཚོས་ད་དུང་དྲ་ཕྱིའི་ཚོང་ཁང་ཞིག་བཙུགས་ནས་ཆེད་མངགས་ཡུལ་དེ་གའི་ཞིང་འབྲོག་པས་བཟོས་པའི་རིག་གནས་ལག་རྩལ་བསམ་བཀོད་ཐོན་རྫས་འཚོང་གི་ཡོད། ང་ཚོས་དེར་མདུན་ལམ་ཡག་པོ་ཡོད་པ་ཡིད་ཆེས་བརྟན་པོ་ཡོད”ཅེས་སྒྲོལ་མས་བཤད།