ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས།
“སྲོལ་རྒྱུན་ལག་རྩལ”རྒྱུན་འཛིན་བྱས་ནས“སྒུལ་ཤུགས་ གསར་པ”འཕེལ་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ནང་དཔའ་ཤོད་རྫོང་གིས་གསོན་ཉམས་ལྡན་པའི་རྒྱུན་འཛིན་ལ་སྣང་ཆེན་བྱས་ནས“མངོན་མིན་རིག་གནས་ཤུལ་བཞག”སྲུང་སྐྱོང་དང་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཀྱི་ལས་རྣམ་གསར་པ་སྐུལ་སྤེལ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།
དཔའ་ཤོད་རྫོང་དུ་གནས་པའི་ཞིང་འབྲོག་པའི་སྲོལ་རྒྱུན་གྱི་བོད་ཆས་མངགས་བཟོ་ཆེད་ལས་མཉམ་ལས་ཁང་དུ་སླེབས་སྐབས་ལས་བཟོ་ཚོས་འཚེམ་འཁོར་གྱི་འགྲམ་དུ་བདེ་ལྕག་འཁྱུག་པོས་བོད་ཆས་འཆར་འགོད་དང་། འཚེམ་པ། དབུར་ཏི་རྒྱག་པ། ཐབ་ཆི་བསྒར་བ་སོགས་ལས་རིམ་ཚང་མ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་འདུག བོད་ཆས་ཀྱི་བཀྲག་མདངས་ཆེ་བའི་ཚོན་མདོག་དང་བཟོ་བཀོད་ལེགས་པའི་རྒྱན་རིས་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་ཆོས་འཕེལ་གྱི་ཡིད་སེམས་སྤྲོ་བས་བརྟས།
སྐལ་བཟང་ཆོས་འཕེལ་གྱིས“ཐུན་མོང་མ་ཡིན་པའི་ཚོན་མདོག་དང་རྒྱན་རིས་ནི་ང་ཚོ་དཔའ་ཤོད་རྫོང་ཁོ་ནར་ཡོད་པའི་སྟོད་གོས་ཀྱི་རྒྱན་གོས་ཤིག་རེད། རྒྱན་གོས་དེ་ནི་དཔའ་ཤོད་རྫོང་སྤྱི་དར་ཤང་གི་སྲོལ་རྒྱུན་བོད་ཆས་ཤིག་ཡིན་པ་དང་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང་། མི་སེར་ཚོས་དུས་ཆེན་གལ་ཆེན་རིགས་ལ་གྱོན་གྱི་ཡོད། དེའི་བཟོ་རྩལ་ལག་རྩལ་ཡང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད། མིག་སྔར་རྒྱུན་འཛིན་པ་གཉིས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
འདི་ལོ་ལོ་56ལ་སླེབས་པའི་སྐལ་བཟང་ཆོས་འཕེལ་ནི་དཔའ་ཤོད་རྫོང་སྤྱི་དར་ཤང་ནས་ཡིན་པ་དང་། རང་ལོ་15ནས་བཟུང་སྟོད་གོས་འཚེམ་སྟངས་སྦྱངས། ད་ཆ་ཁོང་སྟོད་གོས་ལག་རྩལ་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། ལྷམ་བཟོའི་ལག་རྩལ་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱན་གོས་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མང་པོའི་རྒྱུན་འཛིན་བྱེད་མཁན་ཞིག་ཀྱང་རེད། ལོ་40ལྷག་ཙམ་རིང་། ཏང་གི་སྲིད་ཇུས་བཟང་པོའི་འོག་ཁོང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ལམ་བུ་དེ་བས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
“རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་རོགས་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། དེ་སྔོན་ངས་འཚེམ་འཁོར་ཉོ་སྐབས་མ་དངུལ་ཁ་ཐང་པོ་བྱུང་། དེ་དུས་སྲིད་གཞུང་ནས་ང་ཚོར་སྒོར་ཁྲི་བཅུ་རི་བའི་འཚེམ་འཁོར་སྤྲད་བྱུང་། ད་ཆ་གཞི་རིམ་རིག་རྩལ་རུ་ཁག་གི་འཁྲབ་སྟོན་པ་ཚོས་ཀྱང་ང་ཚོའི་ས་ནས་འཁྲབ་ཆས་མངགས་བཟོ་བྱེད་ཀྱི་ཡོད་པས། ང་ཚོའི་མཉམ་ལས་ཁང་འཕེལ་རྒྱས་འགྲོ་བར་དེ་བས་གདེང་ཚོད་ཆེན་པོ་འདུག”ཅེས་སྐལ་བཟང་ཆོས་འཕེལ་གྱིས་བཤད།
ད་ཆ་ཞིང་འབྲོག་པའི་སྲོལ་རྒྱུན་གྱི་བོད་ཆས་འཚེམ་བཟོ་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས་ཡུལ་དེ་གར་བྲིན་ཁ་རྒྱུག་པོ་ཡོད་པ་མ་ཟད། ད་དུང་ཉིང་ཁྲི་སོགས་སུ་བཙོངས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་སུམ་ཅུ་ཙམ་ཟིན་གྱི་ཡོད། མིག་སྔར་མཉམ་ལས་ཁང་དུ་ལས་མི་15ཡོད་པ་ཚང་མ་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་དང་དུས་མཚུངས་ཡོང་འབབ་ཀྱང་ཡག་པོ་ཡོད།
བློ་བཟང་ཡེ་ཤེས་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ལོ་དྲུག་འགྲོ་གི་ཡོད་ཅིང་། ད་ཆ་སྲོལ་རྒྱུན་གྱི་བོད་ཆས་འཚེམ་བཟོའི་ལག་རྩལ་དང་བརྒྱུད་རིམ་ལ་བྱང་ཆུབ་པོ་ཡོད། ཁོང་ལ་ཟླ་རེར་གླ་ཕོགས་སྒོར་བཞི་སྟོང་ཡོད་པའི་ཁར་བྱ་དགའི་དངུལ་བསྣན་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་དྲུག་ལྷག་ཙམ་ཟིན་གྱི་ཡོད་པས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་བྱུང་ཡོད། “ང་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། ཕྱིས་འབྱུང་ངས་ཀྱང་བོད་ཆས་ཚོང་ཁང་ཞིག་འཛུགས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བློ་བཟང་ཡེ་ཤེས་ཀྱིས་རེ་བས་ཁེངས་བཞིན་དུ་བཤད།
མིག་སྔར་དཔའ་ཤོད་རྫོང་གིས་རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་16ལ་ཁྱོན་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་མ་ཟད། ཡིག་ཚགས་དང་གྲངས་གཞིའི་མཛོད་ཀྱང་ཞིབ་ཕྲ་བཟོས་ཡོད། དེ་དང་ཆབས་ཅིག་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་དམངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་ཐུབ་ཚད་ཆེ་རུ་ནུས་ལྡན་ཕྱིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་མ་ཉམས་རྒྱུན་འཛིན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།