རྒྱ་བོད་བྱིས་རྩོམ་ལོ་ཙཱའི་སྐོར་གྱི་བསམ་ཚུལ་འགའ་ཞིག་མདོར་གླེང་བ།
བྱིས་པའི་རྩོམ་རིག་ནི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་བྱིས་པའི་འཚར་ལོངས་དང་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་གནས་བབ་གལ་ཆེན་ཞིག་བཟུང་ཡོད། བྱིས་པའི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་ཞིག་གིས་བྱིས་པར་ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་འཇིག་རྟེན་དང་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་སྐྱོང་བྱ་རྒྱུ་དང་། སྤྲོ་སྣང་ལྡན་པའི་བྱིས་དུས་ཀྱི་འཚོ་བར་མྱོང་རོལ་བྱེད་པ་སོགས་ལ་ཤུགས་རྐྱེན་དང་ནུས་པ་ངེས་ཅན་ཞིག་ཐོན་བཞིན་ཡོད།
དུས་རབས་གསར་པའི་འཕེལ་རྒྱས་དང་བསྟུན་ནས་རྒྱལ་ཕྱི་རྒྱལ་ནང་གང་སར་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་སློབ་གསོར་མཐོང་ཆེན་དང་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་བ་དང་བསྟུན། བྱིས་པའི་རྩོམ་རིག་གསར་རྩོམ་དང་ལོ་ཙཱ་བྱེད་མཁན་ཡང་ཉིན་རེ་ལས་མ་འདས་པར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྤུས་འབོར་གཉིས་ཀའི་ཐད་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན། དེས་ན་འདིར་ཁོ་མོས་རྒྱ་བོད་བྱིས་རྩོམ་ལོ་ཙཱའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་འགའ་ཞིག་བགྲོ་གླེང་གི་ཚུལ་དུ་གླེང་བར་བྱ།
དང་པོ། མ་ཡིག་འདེམས་སྒྲུག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་དགོས།
ལོ་ཙཱ་ནི་མིའི་རིགས་ཀྱིས་རིག་གནས་སྤེལ་རེས་སམ་ཁྱབ་གདལ་དང་། རྒྱུན་འཛིན། གོང་འཕེལ་སོགས་དམིགས་ཡུལ་ངེས་ཅན་ཞིག་མངོན་གྱུར་ཡོང་ཕྱིར་སྤེལ་བའི་བྱ་སྤྱོད་ཅིག་ཡིན་ཞིང་། དམིགས་ཡུལ་གང་མངོན་གྱུར་ཡོང་ཆེད་ལོ་ཙཱ་བས་ཐོག་མར་མ་ཡིག་ལ་འདེམས་སྒྲུག་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། རྒྱ་བོད་བྱིས་རྩོམ་གྱི་ཡིག་སྒྱུར་ལ་ཆ་བཞག་ན། བྱིས་པའི་ལོ་ཚད་ཀྱི་ཁྱད་ཆོས་དང་བྱིས་པའི་སེམས་ཁམས་གཞིར་བཟུང་། ཡིག་སྒྱུར་སྐབས་དམིགས་ཡུལ་ཀློག་པ་པོ་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་སམ་འཚར་ལོངས་ཀྱི་དུས་རིམ་དང་མཐུན་པའི་མ་ཡིག་འདེམས་དགོས།
དེ་བཞིན་མ་ཡིག་གཅིག་ལ་འགྱུར་མང་པོ་ཐོན་དགོས་དོན་ཡང་ལོ་ཙཱ་བའི་དམིགས་ཡུལ་མི་འདྲ་བས་ཡིན་ཞིང་། དེ་དག་བསྡུར་བ་བྱས་ཚེ་ནང་དོན་ལ་འགྱུར་བ་མེད་པའི་རྨང་གཞི་ཐོག་ཁྱད་པར་ཡོང་ས་གཙོ་བོ་ནི་འགྱུར་མ་མི་འདྲ་བའི་སྐད་ཆའི་སྒྱུ་རྩལ་དང་རིག་གནས་ཁྱད་པར་ཅན་གྱི་གནད་དོན་འཕྲད་སྐབས་ཐག་གཅོད་བྱེད་ཐབས་མི་འདྲ་བ་དེ་ཡིན། རྒྱ་བོད་བྱིས་རྩོམ་ལོ་ཙཱ་ནི་རྒྱ་ཡིག་ནས་བོད་ཡིག་ལ་སྒྱུར་བའི་བྱིས་རྩོམ་ལ་ཟེར་ཞིང་། བྱིས་རྩོམ་མི་ཉུང་བ་ཞིག་དབྱིན་ཡིག་སོགས་ནས་རྒྱ་ཡིག་ལ་སྒྱུར་བ་ཡིན་པས། ཐོག་མར་རྒྱ་འགྱུར་མ་དེ་དག་གཤིབ་བསྡུར་བྱས་ནས་མ་ཡིག་གི་ནང་དོན་མཚོན་ཐབས་བོད་ཡིག་ཀློག་པ་པོར་འཚམ་པ་ཞིག་འདེམས་དགོས། དེ་རྗེས་དཔེ་གཞིར་བྱས་པའི་མ་ཡིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་བོད་ཡིག་ཀློག་པ་པོར་གང་འཚམ་བཞིན་སྒྱུར་དགོས། མཇུག་ཏུ་བོད་ཡིག་ཀློག་པ་པོའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་། རིག་གནས་ཀྱི་ཤུགས་རྐྱེན། རིན་ཐང་གི་ལྟ་བ་སོགས་དང་མཐུན་པའི་དཔེ་གཞི་ཞིག་འདེམས་སྒྲུག་བྱེད་དགོས། བརྒྱུད་རིམ་དེ་ནི་ལོ་ཙཱ་བའི་མིག་རྒྱང་དང་ཁྱབ་ཁོངས་དེ་འབྲེལ་གྱི་ཤེས་བྱའི་བྱང་ཚད་མངོན་པའི་དུས་ཡིན།
གཉིས་པ། རྒྱ་བོད་བྱིས་རྩོམ་གྱི་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན།
ལོ་ཙཱའི་ལས་ལ་འཇུག་པའི་སྒོ་ཐོག་མ་ནི་ཉུང་མཐར་ཡང་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ཀ་སྨྲ་ཞིང་གོ་ཐུབ་དགོས་ཏེ། གཅིག་ནས་རང་མི་རིགས་ཀྱི་རིག་གནས་ལ་གོ་བ་གཏིང་ཟབ་དགོས་ལ། གཉིས་ནས་བསྒྱུར་བྱའི་མ་ཡིག་ཁོང་དུ་ཆུད་པ། དེ་བས་རྒྱ་བོད་གཉིས་ཀྱི་རིག་གནས་དང་ཚིག་བརྡའི་དབྱེ་བ་ཆེ་བའི་ཐོག་བྱིས་པའི་རྩོམ་རིག་གི་དམིགས་བསལ་ཁྱད་ཆོས་ལ་ཡང་བསམ་གཞིག་བྱེད་དགོས་ཀྱི་ཡོད་པས། བྱིས་རྩོམ་གྱི་ལོ་ཙཱ་བ་ལ་ལོ་ཙཱ་བ་གཞན་དང་མི་འདྲ་བའི་ཆ་རྐྱེན་གཞན་ངེས་ཅན་ཞིག་ལྡན་དགོས་པ་སྟེ།
གཅིག ཡིག་སྒྱུར་སྐབས་ལོ་ཙཱ་བས་བྱིས་པའི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས། གཙོ་བོ་བརྗོད་པ་ཐུང་ཞིང་གོ་བདེ་བ་དང་། བརྡ་སྤྲོད་ཀྱི་འགྲོ་ལུགས་གང་བདེ་བདེ་ཡིན་པ། བྱིས་པས་ལྟ་ཀློག་བྱེད་བདེ་བ། བྱིས་པའི་རང་གཤིས་དང་མཐུན་དགོས་པ་དེ་ཡིན།
གཉིས། བྱིས་པའི་ཐུན་མོང་མ་ཡིན་པའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཤེས་རྟོགས་བྱེད་དགོས། བྱིས་པའི་འཚར་ལོངས་ཀྱི་དུས་རིམ་རེ་རེ་ནས་སེམས་ཁམས་ཀྱི་ཁྱད་ཆོས་ལ་མངོན་གསལ་དོད་པོས་འགྱུར་བ་འགྲོ་བཞིན་ཡོད་ལ། བྱིས་པ་སོ་སོའི་གོ་རྟོགས་ནུས་པ་དང་བརྡ་སྤྲོད་ནུས་པར་དབྱེ་བ་ཡོད་པས། ལོ་ཙཱ་བས་སྒྱུར་ཡིག་གང་དེ་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་འཕོ་འགྱུར་དང་ཡིན་གཅིག་བསྟུན་དགོས་པའི་བླང་བྱ་སྟོན་ཡོད།
གསུམ། བྱིས་པ་ལྟེ་བར་འཛིན་པའི་འདུ་ཤེས་ཡོད་དགོས། བྱིས་རྩོམ་གྱི་ཀློག་པ་པོ་གཙོ་བོའམ་ཞབས་འདེབས་ཞུ་ཡུལ་གཙོ་བོ་ནི་བྱིས་པ་ཡིན་ཞིང་། ལོ་ཙཱ་བས་ཡིག་སྒྱུར་གྱི་བགྱི་བ་དང་དུ་ལེན་སྐབས་བྱིས་པའི་ཟུར་ངོས་ནས་གནད་དོན་ལ་དབྱེ་ཞིབ་དང་། བྱིས་པའི་སྐད་ཆའི་མཚོན་སྟངས་ནས་མ་ཡིག་གི་བསམ་བློ་མཚོན་དགོས་པ་དེ་ཡིན།
བཞི། བྱིས་རྩོམ་ལོ་ཙཱ་དང་འབྲེལ་བའི་གཞུང་ལུགས་དང་ཤེས་བྱར་རྒྱུས་མངའ་དང་གོ་བ་གཏིང་ཟབ་ལོན་དགོས།
ལྔ། ལོ་ཙཱ་སྤྱིའི་གཞུང་ལུགས་ལ་བྱང་གོམས་དགོས་པ་མ་ཟད། བྱིས་རྩོམ་གྱི་ལོ་ཙཱ་དང་འབྲེལ་ཆེ་བའི་གསར་དར་གཞུང་ལུགས་ལོ་ཙཱའི་དམིགས་ཡུལ་སྨྲ་བའི་གཞུང་ལུགས་དང་། ངོས་ལེན་མཛེས་རྩལ་རིག་པ། རྒྱུ་མང་མ་ལག་རིག་པ། ནུས་པ་དོ་མཉམ་སྨྲ་བ་སོགས་ལ་ཡང་རྒྱུས་ལོན་ཡོད་དགོས།
གསུམ་པ། རྒྱ་བོད་བྱིས་རྩོམ་ལོ་ཙཱའི་མ་འོངས་འཕེལ་རྒྱས་སྐོར་གྱི་བསམ་གཞིག
རྒྱ་བོད་བྱིས་རྩོམ་གྱི་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་འགྲོ་དགོས་ན། གཅིག་ནས་བོད་རང་གི་དམངས་ཁྲོད་བྱིས་སྒྲུང་མྱུར་སྐྱོབ་ལ་འབད་དགོས་པ་དང་། གཉིས་ནས་མི་རིགས་གཞན་གྱི་ཕུལ་བྱུང་བྱིས་རྩོམ་ནང་འདྲེན་བྱེད་དགོས། དེ་བཞིན། བྱིས་རྩོམ་ཐད་ཀྱི་ཞིབ་འཇུག་དང་། བྱིས་རྩོམ་གཞུང་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བྱིས་རྩོམ་གྱི་ཡིག་སྒྱུར་བྱ་གཞག་སོགས་ལ་མཐོང་ཆེན་དང་དེའི་གལ་འགངས་རང་བཞིན་རྟོགས་དགོས། བྱིས་པའི་མཐོང་རྒྱ་དང་ཐོས་རྒྱའི་སྒོ་མོ་ཕྱེ་བའི་བརྒྱུད་རིམ་ཁྲོད་ནམ་རྒྱུན་སྤྱི་ཚོགས་འཚོ་བས་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་། ཕ་མ་དང་སློབ་གྲྭའི་སློབ་གསོ་ཕུད་དཔེ་ཀློག་གི་མྱོང་བས་བྱིས་པའི་བསམ་བློ་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། ཞིབ་འཇུག་པས་བྱིས་རྩོམ་ལོ་ཙཱའི་ཐད་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། རྩོམ་རིག་རྩོམ་པ་པོས་བྱིས་པའི་རྩོམ་རིག་གསར་རྩོམ་བྱ་བར་སྤྲོ་བ། ལོ་ཙཱ་བས་བྱིས་པ་ལྟེ་བར་བྱས་ནས་བྱིས་རྩོམ་ཡིག་སྒྱུར་དང་འགྱུར་མ་སྤུས་དག་ཐོན་པའི་ལས་ལ་འཇུག་པ། ཕ་མས་བྱིས་པར་ལྟ་ཀློག་གི་ཁོར་ཡུག་སྐྲུན་དགོས།
མདོར་ན། སྤྱི་ཚོགས་ཀྱིས་བྱིས་པའི་འཚར་ལོངས་ལ་དོ་སྣང་དང་འགན་འཁྲིའི་འདུ་ཤེས་འཛིན་པ་བཅས་ཚང་མས་ཕྱར་བ་གྲུ་འདེགས་བྱས་ཏེ། མ་འོངས་པར་རྒྱ་བོད་བྱིས་རྩོམ་གྱི་གསར་རྩོམ་ལམ་བུ་ཡངས་ཤིང་བྱིས་རྩོམ་ལོ་ཙཱའི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས་པར་སྙམ།
(མལ་གྲོ་གུང་དཀར་རྫོང་བྱིས་གསོ་ཁང་གཉིས་པའི་ཚེ་རིང་སྒྲོལ་དཀར)