ལོ་རབས་ལྔ་བཅུ་པའི་རྒྱ་བོད་གཞུང་ཡིག་ལོ་ཙཱའི་བྱེད་སྒོ་དང་དེའི་དོན་སྙིང་གླེང་བ།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ལོ་ཙཱ་ལ་མཚོན་ན་ལོ་རབས་50པ་ནི་རྒྱ་བོད་ལོ་ཙཱ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་ཕྱིན་པའི་ཧ་ཅང་གནད་འགག་གི་དུས་མཚམས་ཤིག་ཡིན་ལ། ལོ་རབས་50པའི་ནང་རྒྱ་བོད་གཞུང་ཡིག་ལོ་ཙཱ་དང་འབྲེལ་ཡོད་ཀྱི་བྱ་སྤྱོད་གལ་ཆེན་མང་པོ་བྱུང་ཡོད་དེ།
གཅིག 《ཐུན་མོང་རྩ་འཛིན》དང་ཀྲུང་གོ་གསར་པའི་གཞུང་ཡིག་ལོ་ཙཱ།
1949ལོའི་ཟླ་12པའི་ནང་མའོ་ཙེ་ཏུང་སུའུ་ལེན་ལ་མཚམས་འདྲིར་ཕེབས་པའི་ལམ་བར་དུ་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ལ་ཡི་གེ་སྤྲིངས་པའི་ནང་དུ“བོད་ལྗོངས་བཅིངས་འགྲོལ་མགྱོགས་པོ་གཏོང་དགོས་པ་ལས་འགྱངས་མི་རུང་”ཞེས་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་འབོད་བརྡ་བཏང་བས། ཀྲུང་གོ་གསར་པའི་ལམ་ལུགས་སྒྲིག་སྲོལ་དང་། མི་རིགས་སྲིད་ཇུས་སོགས་བོད་ས་གནས་སྲིད་གཞུང་དང་ཡུལ་ཁག་སོ་སོའི་བོད་རིགས་མི་དམངས་ལ་ཡོངས་བསྒྲགས་བྱས་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྔོན་གྲབས་སྒྲིག་པའི་དགོས་དབང་གིས་1949ལོའི་ཟླ་9པའི་ཚེས་29ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》(གཤམ་དུ《ཐུན་མོང་རྩ་འཛིན》ཞེས་བསྡུ་རྒྱུ)1950ལོའི་ལོ་འགོར་མཚོ་སྔོན་དང་པེ་ཅིན་གཉིས་སུ་བོད་ཡིག་ཏུ་བསྒྱུར་ཏེ་དཔར་དུ་བཀྲམས་ཤིང་། ཀྲུང་གོ་གསར་པའི་གཞུང་ཡིག་རྒྱ་བོད་ལོ་ཙཱར་དབུ་ཁྱུད་བཀོད་པ་རེད།
མཚོ་སྔོན་གྱི་འགྱུར་མ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་དམག་སྲིད་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁང་གི་ཡིག་སྒྱུར་ཚན་ཁག་གི་གསུང་རབ་རྒྱ་མཚོ་སོགས་ཀྱིས་བསྒྱུར་ཅིང་། དགེ་བཤེས་ཤེས་རབ་རྒྱ་མཚོས་ཞུས་པ་རེད། པེ་ཅིན་གྱི་འགྱུར་མ་ནི་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཚན་ཧྲི་ཁང་གི་ངག་དབང་སྐལ་བཟང་དང་། ཧོང་མིང་ཞིན་སོགས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་འབྲེལ་ཡོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་བརྡ་ཆད་གསར་པ་མང་པོ་བྱུང་ཡོད་པས་ན། འགྱུར་གཉིས་ལ་སྒྲ་སོར་འཇོག་བྱས་པ་མང་བས་གོ་དཀའ་བ་དང་། དོན་སྒྱུར་བྱས་པ་གཅིག་གྱུར་མིན་པ། ཚིག་དོན་ཉིང་བསྡུས་ཀྱིས་སྒྱུར་བ་སོགས་གཞུང་ཡིག་ལོ་ཙཱའི་བླང་བྱ་དང་མི་མཐུན་པའི་ཆའང་མཆིས་མོད། དེ་གཉིས་དང་སྒོས་སུ་པེ་ཅིན་གྱི་འགྱུར་མ་དེ་དུས་ཕྱིས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》སོགས་གཞུང་ཡིག་ལོ་ཙཱའི་ཕྱི་མོར་གྱུར་པས་ཀྲུང་གོ་གསར་པའི་རྒྱ་བོད་ལོ་ཙཱ་དང་ལྷག་པར་དུ་གཞུང་ཡིག་ལོ་ཙཱ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།
གཉིས། རྒྱ་བོད་ལོ་ཙཱའི་དཔུང་ཁག་གྲུབ་ཚུལ།
《ཐུན་མོང་རྩ་འཛིན》གྱིས་མཚོན་པའི་ལོ་རབས་50པའི་དུས་འགོའི་རྒྱ་བོད་ལོ་ཙཱའི་དཔུང་ཁག་ནི་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་གསུང་རབ་རྒྱ་མཚོ་སོགས་སྲོལ་རྒྱུན་གྱི་སློབ་གསོ་མྱངས་པའི་མཁས་པ་དང་། ངག་དབང་སྐལ་བཟང་སོགས་དེང་རབས་སློབ་གྲྭའི་སློབ་གསོ་མྱངས་པའི་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་བོད་རིགས་ཀྱི་ལོ་ཙཱ་བ། ཧོང་མིང་ཞིན(黄明信)དང་བློ་བཟང་ཆོས་འཕགས(法尊)ལྟ་བུ་བོད་ཡིག་སྦྱངས་པའི་རྒྱ་རིགས་མཁས་པ་བཅས་ཀྱིས་གྲུབ་པ་ཡིན། གོང་དུ་དྲངས་པའི་མཁས་པ་འདི་དག་ནི་དུས་བབ་ཀྱི་དགོས་དབང་གིས་རིགས་ཁོངས་སོ་སོ་ནས་གཅིག་ཏུ་བསྡུས་ཏེ་ལོ་ཙཱའི་ལས་འགན་བསྐོས་པ་འབའ་ཞིག་ཡིན། འདི་དག་ནི་རྒྱ་བོད་རིག་གནས་ལ་ནང་བྱན་ཆུད་པ་འབའ་ཞིག་ཡིན་གཤིས་ཁོང་ཚོའི་ལོ་ཙཱའི་སྤུས་ལེགས་པ་སྨྲ་དགོས་མེད་ཀྱང་། སྐབས་དེར་ལས་རིགས་ཁག་ཏུ་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལོ་ཙཱ་བ་མང་པོ་དགོས་ཀྱི་ཡོད་པས། རྒྱ་བོད་ལོ་ཙཱ་བའི་དཔུང་ཁག་འཛུགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ཟླ་ངོ་གཉིས་ཙམ་སོང་མཚམས་སུ་མའོ་ཙེ་ཏུང་གིས་སྤྱི་ཁྱབ་དམག་སྤྱི་གཞོན་པ་ཕིང་ཏེ་ཧོའེ་ལ་བོད་ཀྱི་གནད་དོན་1950ལོའི་སྟོན་དགུན་གྱི་དུས་སུ་ཐག་གཅོད་བྱ་དགོས་པའི་བཀའི་ཏར་འཕྲིན་བཏང་བ་རེད། སྐབས་དེར་བོད་ས་གནས་སྲིད་གཞུང་དང་མེས་རྒྱལ་ནང་སའི་བར་འགྲོ་སྐྱོད་ཆེན་པོ་མེད་པ་དང་བོད་རིགས་ཁྲོད་རྒྱ་ཡིག་རྒྱ་སྐད་ཤེས་པའི་མཁས་པ་ཡང་ཧ་ཅང་ཉུང་བས། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བར་བོད་རྒྱ་སྐད་རིགས་གཉིས་ཤེས་པའི་ལོ་ཙཱའི་མི་སྣ་མང་པོ་དགོས་པ་རེད། མའོ་ཙེ་ཏུང་གི“བོད་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ་གལ་ཆེན་པོ་རེད”ཅེས་པའི་སློབ་སྟོན་འོག་ཀྲོའུ་ཨེན་ལའེ་ཡིས་ཀྲུང་དབྱང་མི་རིགས་དོན་གཅོད་ཁང་ལ“བོད་རིགས་ལས་བྱེད་ཞིབ་འཇུག་འཛིན་གྲྭ”གཉེར་དུ་བཅུག་ཅིང་། དེ་ནི་རྒྱ་བོད་ལོ་ཙཱའི་དཔུང་ཁག་གསོ་སྐྱོང་བྱས་པ་ཁག་དང་པོ་རེད།
1950ལོའི་ཟླ་2པའི་ཚེས་1ཉིན། བོད་ཀྱི་ལས་བྱེད་པའི་ཞིབ་འཇུག་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཚོམས་ཁང་དུ་བསྡུས་པ་དང་། ཕེང་ཏེ་ཧོའེ་དང་ཞི་ཀྲུང་ཞུན་རྣམ་གཉིས་ཀྱི་མཛུབ་སྟོན་འོག་ནུབ་བྱང་ཅུས་ཀྱིས་ལན་གྲུ་རུ་བོད་རིགས་ལས་བྱེད་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། “བོད་རིགས་ལས་བྱེད་ཞིབ་འཇུག་འཛིན་གྲྭའི”ཁོངས་མི་ནི་བཅིངས་འགྲོལ་མ་བཏང་གོང་པེ་ཅིན་དང་ནན་ཅིན་སོགས་སུ་སློབ་སྦྱོང་བྱེད་པའི་བོད་རིགས་སློབ་མ་དང་། ནན་ཅིན་སོག་བོད་ཨུ་ལྷན་དུ་རིག་གནས་ཀྱི་ལས་ཀ་བྱེད་པའི་ལས་བྱེད་པ་སོགས་ཡིན། སྐབས་དེ་དུས་ནང་སར་བོད་རིགས་ལས་བྱེད་པ་མང་པོ་མེད་པས་འཛིན་གྲྭ་དེར་སློབ་མ་30མ་ལོངས་ཙམ་བྱུང་ཞིང་། བོད་རིགས་དམར་དམག་རྒན་པ་སངས་རྒྱས་ནོར་བུ(天宝)དང་། ཡེ་ཤེས་དོན་འགྲུབ(杨东生) མེང་ཐུར(孟特尔)སོགས་ཀྱང་འཛིན་གྲྭ་དེའི་སློབ་མ་ཡིན།
དེ་ལྟར་ས་གནས་སོ་སོས་མི་དམངས་བཅིངས་འགྲོལ་དམག་དཔུང་བོད་དུ་སྐྱོད་པར་གཞོགས་འདེགས་བྱེད་པའི་སྐད་གཉིས་ལོ་ཙཱ་བ་གསོ་སྐྱོང་བྱས་པས་ལོ་ཙཱ་བའི་དཔུང་ཁག་ཀྱང་བོད་སྐྱོད་དཔུང་ཁག་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཆགས་པ་རེད། འཇམ་དཔལ་རྒྱ་མཚོ་ལ་སོགས་ཕྱིས་སུ་རྒྱ་བོད་ལོ་ཙཱའི་ལས་དོན་གལ་ཆེན་ལ་ཞུགས་མྱོང་མཁན་མང་པོ་ཞིག་ནི་དེ་དུས་གསོ་སྐྱོང་བྱས་པ་ཡིན་ཞིང་། འདི་དག་གིས་གོང་དུ་བརྗོད་པའི་རྒྱ་བོད་མཁས་པ་དག་ལ་ཕྱར་བ་གྲུ་འདེགས་བྱས་ཏེ། ཀྲུང་གོ་གསར་པའི་རྒྱ་བོད་ལོ་ཙཱའི་ལོ་རྒྱུས་གར་སྟེགས་སུ་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད།
གསུམ། 《གྲོས་མཐུན་དོན་ཚན་བཅུ་བདུན་པ》དང་བརྡ་ཆད་གཅིག་གྱུར།
1950ལོར་དམག་ཤོག་18པས་ཆབ་མདོའི་གཡུལ་འགྱེད་ཁྲོད་རྒྱལ་ཁ་བླངས་ཤིང་། 1951ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྐོར་གྱི《གྲོས་མཐུན་དོན་ཚན་བཅུ་བདུན་པ》བཞག་པ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་རྒྱ་བོད་ལོ་ཙཱའི་ཆབ་སྲིད་བྱ་འགུལ་གལ་ཆེ་ཤོས་དེ་ཡིན། 《གྲོས་མཐུན་དོན་ཚན་བཅུ་བདུན་པ》ཡི་བོད་ཡིག་ནི་གྲོས་མོལ་འགོ་ཚུགས་དུས་ནས་རྒྱ་ཡིག་དང་མཉམ་དུ་བཏོན་པ་ཞིག་ཡིན་པ་ལས་རྒྱ་ཡིག་བཏོན་རྗེས་བོད་ཡིག་ཏུ་བསྒྱུར་པ་ཞིག་མིན་མོད། ཕྱོགས་གཉིས་ཀྱིས་གྲོས་མཐུན་གྱི་ཡང་དག་རང་བཞིན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ལ། ཀྲུང་དབྱང་མི་དམངས་སྲིད་གཞུང་ཕྱོགས་ཀྱི་དབུ་བཞུགས་འགན་འཛིན་པ་ལི་ཝེ་ཧན་ལགས་ཀྱིས་བོད་ཡིག་མི་ཤེས་པས་ལོ་ཙཱ་བ་གཉིས་གདན་དྲངས་ནས་གཅིག་གིས་བོད་ཡིག་ཏུ་བསྒྱུར་བ་རྣམས་གཅིག་ཤོས་དེར་སླར་རྒྱ་ཡིག་ཏུ་བསྒྱུར་དུ་བཅུག་ནས་རྒྱ་ཡིག་གི་མ་ཡིག་དང་དོན་འཛོལ་ཡོད་མེད་བརྟག་པ་རེད། 《གྲོས་མཐུན་དོན་ཚན་བཅུ་བདུན་པ》གཏན་འཁེལ་བྱེད་པའི་གོ་རིམ་དུ“མི་དམངས”དང“བཅིངས་འགྲོལ”ལྟ་བུ་སྲིད་དོན་སྐོར་གྱི་ཐ་སྙད་གལ་ཆེན་མང་པོ་ཞིག་གཅིག་གྱུར་བྱས་ཡོད། དཔེར་ན“人民”ཞེས་པ《ཐུན་མོང་རྩ་འཛིན》གྱི་འགྱུར་མའི་ནང“མངའ་འབངས”དང“རིན་མིན”ཞེས་འགྱུར་མི་འདྲ་བ་གཉིས་བྱུང་ཡོད་པ་དང་། ཧོང་རྨིན་ཞིན་གྱིས་དོན་ཚན་བཅུ་བདུན་པའི་འཆར་ཟིན་ནང“མི་སེར”ཞེས་བཀོད་ཡོད་མོད། བོད་ས་གནས་སྲིད་གཞུང་གི་འཐུབ་ཚབ་མི་སྣས་མི་དམངས་ཞེས་བསྒྱུར་དགོས་པའི་རེ་བ་བཏོན་པས་ཀྲུང་དབྱང་ཕྱོགས་ཀྱིས་དེ་ལུགས་སུ་བཞག་པ་རེད། ཡང་དཔེར་ན། “解放”ཞེས་པ1949ལོར་《མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་སྐོར་བཤད་པ》སྒྱུར་སྐབས་བློ་བཟང་ཆོས་འཕགས་ལགས་ཀྱི་གྲོས་འགོ་ལྟར“ཆིང་འགྲོལ”ཞེས་བསྒྱུར་ཡོད་མོད། བོད་ས་གནས་སྲིད་གཞུང་གི་འཐུས་ཚབ་ཀྱི་བསམ་འཆར་དང་ལེན་གྱིས“བཅིངས་འགྲོལ”ཞེས་བསྒྱུར་བ་རེད།
དོན་ཚན་བཅུ་བདུན་པ་ནི་ཕྱོགས་གཉིས་ཀྱི་འཐུས་ཚབ་ཀྱིས་ཡང་ཞུས་བསྐྱར་ཞུས་ཀྱིས་གཏན་ལ་ཕབ་པ་ཡིན་གཤིས་དབང་གྲགས་ཆེན་པོ་ལྡན་པས། དེས་མ་ལག་གསར་འཛུགས་བྱེད་བཞིན་པའི་ཀྲུང་གོ་གསར་པའི་རྒྱ་བོད་གཞུང་ཡིག་ལོ་ཙཱའི་བརྡ་ཆད་བཀས་བཅད་ལ་རྨང་གཞི་བཏིང་ཡོད་ལ། འདི་སྐབས་གཅིག་གྱུར་དང་གཏན་འབེབས་བྱས་པའི་བརྡ་ཆད་དང་རྗོད་པ་སྤེལ་ལུགས་སོགས་གཞུང་ཡིག་ལོ་ཙཱའི་ཁྲོད་རྒྱུན་འཛིན་དང་ཡར་རྒྱས་གོང་སྤེལ་བཏང་བས། ད་ལྟའི་གཞུང་ཡིག་ལོ་ཙཱའི་རྣམ་པ་འདི་གྲུབ་པ་ཡིན།
བཞི། ལོ་ཙཱའི་ལས་ཁུངས་བཙུགས་ནས་ལོ་ཙཱའི་བྱ་གཞག་ཡར་རྒྱས་གོང་སྤེལ་བཏང་བ།
1953ལོར་ཀྲོའུ་ཨེན་ལའེ་ཡིས་བཀའ་མཆན་བཀོད་པ་བཞིན་མི་རིགས་དཔེ་སྐྲུན་ཁང་བཙུགས་པ་དང་། 1955ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་མི་རིགས་ཡིག་སྒྱུར་ཅུས་བཙུགས་ལ། ལས་འགན་གཙོ་བོ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་གསུང་རྩོམ་མི་རིགས་སྐད་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱ་རྒྱུ་རེད། གཞུང་ཕྱོགས་ནས་ལོ་ཙཱའི་ལས་ཁུངས་བཙུགས་པ་དེས་རྒྱ་བོད་ལོ་ཙཱ་ཆེད་ལས་ཅན་དང་མ་ལག་ཅན་དུ་གྱུར་པ་མཚོན་ཡོད།
1951ལོར་བོད་ཁུལ་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་དང་ཆབ་སྲིད་ལམ་ལུགས་ཁྱབ་བསྒྲགས་བྱེད་པའི་དགོས་དབང་གིས་ཏང་སྲིད་ལས་ཁུངས་མི་ཉུང་བས་འབྲེལ་ཡོད་སྲིད་དོན་ཡིག་ཆ་བོད་ཡིག་ཏུ་སྒྱུར་འགོ་ཚུགས་པ་དང་། འགྱུར་ཡིག་གཅིག་གྱུར་མི་ཡོང་བ་དང་འགྱུར་ནོར་བྱུང་བ་སོགས་ལོ་ཙཱའི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་ཆེད་རྒྱ་ཡིག་གི་བརྡ་ཆད་བོད་ཡིག་ཏུ་བསྒྱུར་ནས་དཔར་འགྲེམས་བྱ་རྩིས་བྱས་མོད། ཕྱིས་སུ་ནང་ཁུལ་རྒྱུ་ཆར་བྱས་པ་ལས་དངོས་སུ་དཔར་སྐྲུན་བྱེད་ཐུབ་མེད།
1952ལོར་པེ་ཅིན་གྱི་རྒྱ་བོད་ལོ་ཙཱ་བ་ཁག་ཅིག་གིས་དེ་སྔའི་རྒྱ་བོད་ལོ་ཙཱའི་ཁྲོད་བྱུང་བའི་བརྡ་ཆད་འཚོལ་བསྡུ་བྱེད་འགོ་ཚུགས་པ་དང་། 1953ལོར་ཁམས་དང་ཨ་མདོ་སོགས་ཀྱི་ལོ་ཙཱའི་ལས་ཀ་བྱེད་མཁན་མང་པོ་པེ་ཅིན་དུ་གདན་འཛོམས་ཀྱིས་སོ་སོས་ཡིག་སྒྱུར་བྱས་པའི་བརྡ་ཆད་བདམས་གསེས་དང་ལེགས་སྒྲིག་བྱས་ཏེ་1954ལོར《རྒྱ་བོད་བརྡ་ཆད》ཅེས་པའི་རྒྱ་བོད་ཤན་སྦྱར་གྱི་དེབ་ཅིག་བཏོན། ད་ལྟ་རྒྱུན་ཆགས་སུ་གྱུར་པའི“ཀྲུའུ་ཞི”དང“ཨུ་ཡོན”ལྟ་བུ་སྒྲ་སོར་འཇོག་བྱས་པའི་ཐ་སྙད་དང“མ་རྩ་རིང་ལུགས”དང“རྒྱལ་གཅེས་རིང་ལུགས”ལྟ་བུ་དོན་སྒྱུར་བྱས་པའི་ཐ་སྙད་མང་པོ་ཞིག་དེབ་དེའི་ནང་གཏན་འཁེལ་བྱས་པ་རེད།
1955ལོར། 1954ལོར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》སོགས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་བརྡ་ཆད་གསར་པ་གཅིག་ཏུ་དྲིལ་ནས《རྒྱ་བོད་བརྡ་ཆད》དེབ་གཉིས་པ་བཏོན་ཞིང་། “རང་སྐྱོང་ལྗོངས”དང་། “མར་ཁེ་སི” “སུའུ་ལེན”སོགས་དེབ་དེའི་ནང་གཏན་འཁེལ་བྱས་པ་རེད།
1957ལོར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་གསུམ་པའི་ཡིག་ཆའི་ཁྲོད་ཀྱི་བརྡ་ཆད་ཀྱིས་གཙོས་པའི་བརྡ་ཆད་གསར་པ་འཚོལ་བསྡུ་བྱས་ཤིང་། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་པ་ཁག་ཅིག་གདན་དྲངས་ནས་བཀས་བཅད་དེ། 《རྒྱ་བོད་བརྡ་ཆད》དེབ་གསུམ་པ་བཏོན་པ་རེད། ཐེངས་དེའི་བརྡ་ཆད་ཀྱི་ཁྱབ་ཁོངས་ཚན་རིག་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་ཅིང་། “ཀུན་ཁྱབ་རླུང་འཕྲིན”དང་། “བཟོ་ཚོང་ལས་རིགས” “གློག་ཤུགས་བཟོ་ལས” “གློག་བརྙན”སོགས་སྲིད་འབྱོར་རིག་གསུམ་ཡར་རྒྱས་གོང་སྤེལ་གཏོང་བར་འབྲེལ་བ་ཟབ་མོ་ལྡན་པའི་བརྡ་ཆད་མང་པོ་གཏན་འཁེལ་བྱས་ཡོད།
《རྒྱ་བོད་བརྡ་ཆད》དེབ་གསུམ་པ་བཏོན་པའི་རྗེས་སུ། མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《བོད་ལྗོངས་ལས་དོན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་འགའ་ཤས》དང་མའོ་ཙེ་ཏུང་གི《ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད》སོགས་དེབ་30ལྷག་དང་། 1953ལོ་ནས་1955ལོ་བར་གྱི《མི་དམངས་བརྙན་པར》དང《མི་རིཌ་བརྙན་པར》ནང་བྱུང་བའི་བརྡ་ཆད་ཁོལ་འདོན་ཞུས་བཅད་ཀྱིས《རྒྱ་བོད་བརྡ་ཆད》དེབ་བཞི་པ་བཏོན་ཞིང་། དེས་ལོ་རབས་བདུན་ཅུ་པའི་ནང《རྒྱ་བོད་ཚིག་མཛོད》འདོན་པར་རྨང་གཞི་བཏིང་བ་རེད།
ལོ་ཙཱའི་ལས་ཁུངས་དེ་དག་གིས་གཞུང་ཡིག་གཙོས་པའི་དུས་དེབ་དང་ཚགས་པར་སོགས་འབོར་ཆེན་བསྒྱུར་བ་མ་ཟད། དུས་ངེས་གཏན་ནང་བརྡ་ཆད་གསར་པ་བོད་ཡིག་ཏུ་བསྒྱུར་ནས་བཀས་བཅད་དེ། རྒྱ་བོད་ལོ་ཙཱའི་བྱ་གཞག་གོང་ནས་གོང་དུ་སྤེལ་བས་ད་ལྟའི་བོད་འབྲེལ་ས་ཁུལ་གྱི་ལས་རིགས་སོ་སོར་རྒྱ་བོད་གཞུང་ཡིག་ལོ་ཙཱས་གཙོས་པའི་ལོ་ཙཱའི་ལས་དོན་གྲ་རྒྱས་ཕུན་ཚོགས་སུ་ཡོད་པའི་རྣམ་པ་འདི་གྲུབ་ནས་ཀྲུང་གོ་གསར་པའི་མི་རིགས་སྲིད་ཇུས་ཁྱབ་སྤེལ་དང་ལག་བསྟར་བྱེད་པར་མཐུན་རྐྱེན་བསྒྲུབས་ཡོད།
(ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས། བསྟན་འཛིན་རྒྱ་མཚོ)