དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ནམ་ཟླ་དཔྱིད་ཀ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2024-05-12

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    དཔྱིད་རླུང་དལ་གྱིས་ལྡང་བྱུང་། །

    དཔྱིད་རླུང་རེག་བྱ་འཇམ་པོས། །

    ནང་སེམས་མཚོ་མོ་བསྐྱོམས་སོང་། །

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    ཁུ་བྱུག་གསུང་སྐད་སྙན་བྱུང་། །

    སྔར་ཡོད་སེམས་ཀྱི་སྐྱོ་གདུང་། །

    མི་མངོན་དབྱིངས་སུ་ཡལ་སོང་། །

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    སྦྲང་ཆར་ཟིམ་ཟིམ་བབས་བྱུང་། །

    རི་ཀླུང་ནོར་འཛིན་ཕང་བར། །

    མེ་ཏོག་དཀར་དམར་བཞད་བྱུང་། །

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    རྩི་ཤིང་ལང་ཚོ་རྒྱས་བྱུང་། །

    ཕྱུགས་རིགས་དཀར་ནག་ཁྱུ་ཚོགས། །

    བག་ཡངས་རྩེད་འཇོར་རོལ་སོང་། །

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    གངས་ཆུ་ས་ལ་ཐིམ་སོང་། །

    ས་གཞི་སྒེག་མོའི་མཚར་སྡུག །

    འདྲེན་བྱེད་ཡུལ་དུ་འཆར་བྱུང་། །

    ནམ་ཟླ་དཔྱིད་ཀ་ཤར་སོང་། །

    སེམས་ལ་དྲོད་ཁོལ་འཕེལ་བྱུང་། །

    ཞལ་རས་དཀྱིལ་འཁོར་ཀློང་དུ། །

    འཛུམ་གྱི་པདྨོ་བཞད་སོང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།