དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞེན་ཆགས་ཀྱི་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་ཁོ།   |     སྤེལ་དུས།  2024-05-12

    ཟླ་བ་འདི་དག་གི་རིང་ལ། ཁ་པར་བརྒྱུད་ངས་དྲ་ཐོག་ནས་ཅ་དངོས་མང་པོ་ཞིག་བླུས་པ་ཡིན། ཁ་པར་ནས་གསང་གྲངས་དྲུག་པོ་མནན་མ་ཐག“ཏིང”ཞེས་དངུལ་ཁང་ག་གེ་མོས་བསྐུར་བའི་འཕྲིན་ཐུང་ཞིག་ཁ་པར་ནང་གསལ་བ་དང་། དངུལ་ག་ཚོད་འཐེན་པ་དང་མིག་སྔར་དངུལ་ཁང་བྱང་བུའི་ནང་དངུལ་ག་ཚོད་ལྷག་ཡོད་པ་མིག་ལམ་དུ་འཆར་མ་ཐག ཅུང་བློ་ཡིད་ཚིམ་པོས་ལམ་སེང་ཅ་དངོས་དེ་དག་ས་ཆ་གང་ནས་བསྐུར་ཡོང་མིན་བལྟས། རང་སེམས་སུ“ཨ་མའོ”ཀྲུང་གོའི་ཤར་ལྷོའི་མཚམས་སུ་གནས་པའི་མཚོ་རྒྱུད་གྲོང་ཁྱེར་ཞ་མོན་ནས་བསྐུར་རྩིས་འདུག་ཅེས་རེ་ཞིག་ཧང་སངས། ཁ་པར་གྱི་བརྙན་ཤེལ་ངོས་སུ་འཆར་བའི་ཞ་མོན་ནས་ལྷ་སའི་བར་འཐེན་པའི་སྦྲུལ་གཟུགས་ལྟ་བུའི་ཐིག་དམར་པོས་ང་དང་ཞ་མོན་དབར་ལ་འབྲེལ་བ་ངེས་ཅན་ཞིག་བཙུགས་པ་ལྟར་སྣང་། འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བའི་གྲོང་ཁྱེར་ནས་བསྐུར་བའི་ཅ་དངོས་ཡིན་ཕྱིན་སྤུས་དག་པོ་ཡོད་ངེས་རེད་སྙམ་པའི་སྤྲོ་སྣང་ཞིག་གིས་སེམས་པ་རེ་ཞིག་ལྷོད་ལ་བབས། ཐིག་དམར་པོ་གྱ་མ་གྱུ་དེ་འབྲི་ཆུའི་སྨད་རྒྱུད་ཀྱི་ཞིང་ཆེན་ཅང་ཤིས་དང་ཧུའུ་ནན། དབུས་ཀྱི་གྲོང་ཁྱེར་ཀུའེ་ཀྲོའུ་དང་། ཁྲུང་ཆིང་། སི་ཁྲོན། དེ་ནས་འབྲི་ཆུའི་འགོ་ཁུངས་བརྒྱུད་ཉི་མ་ལྷ་སར་འཐེན་ཡོད། སྤྱིར་ཟོག་སྐྱེལ་ཀུང་སི་ཁ་ཤས་ཡོད་པ་ལས་མགྱོགས་ཤོས་ནི་ཧྲོན་ཧྥེང་ཡིན་པས། བསྐུར་ཡུན་ཉིན་གསུམ་ལས་མི་འགོར་རུང་། ད་ཆ་རྒྱུ་རྐྱེན་གང་ཡིན་ཆ་མི་འཚལ་མོད་ཉིན་བདུན་བསྒུག་དགོས། ཁ་པར་ནས་ཅ་དངོས་དེ་དག་ས་ཆ་གང་དུ་སླེབས་མིན་དང་ཚེས་ག་དུས་ལག་ཏུ་འབྱོར་མིན་གྱི་ཆ་འཕྲིན་མཐོང་བས། མཚམས་ལན་རེར་ཆ་འཕྲིན་དག་གིས་ངའི་འཚོ་བར་རེ་སྒུག་ཆུང་ཆུང་ཞིག་སྟེར་འོང་། ཐུམ་ཁྲེས་ལག་ཏུ་འབྱོར་མ་ཐག་ལམ་སེང་ཁ་ཕྱེ་འདོད་ཀྱི་འདུན་པ་དྲག་པོས་ང་ལ་སྐྱིད་སྣང་སྐྱེན་པོ་ཞིག་སྦྱིན། ཕལ་ཆེར་གྲོང་ཁྱེར་གྱི་འཚོ་བ་ནི་སྐྱིད་སྣང་སྐྱེན་པོ་འདི་འདྲ་མང་པོ་ཞིག་ལས་གྲུབ་པ་འདྲ། ཐུམ་ཁྲེས་ལ་ངང་སྒུག་བྱེད་པ་ནི་ཅི་ཞིག་མི་འདང་བ་ལྟ་བུའི་སྟོང་ལྷང་ལྷང་གི་སེམས་པར་ཅ་དངོས་ཀྱིས་རྒྱོང་དགོས་པ་ལྟར་སྣང་།

    རྒྱུག་པ་བྱེ་རིལ་ལ་ལྕེས་ཐེངས་རེ་བལྡགས་ནས་ཡང་བསྐྱར་ཁུག་མར་འཇུག་པའི་བྱིས་དུས་སུ་ཅ་དངོས་མང་པོ་མེད་པས། རྒན་དར་གཞོན་གསུམ་རང་བྱུང་ཁམས་དང་ཐག་ཉེ་ཞིང་། ཉི་འོད་དང་། བསིལ་རླུང་། དབེན་འཇམ། ད་དུང་ཁ་བ་དང་གྲང་ངར་སོགས་རང་བྱུང་ཁམས་ཀྱིས་བསྩལ་བའི་ལག་རྟགས་མང་པོར་མྱོང་རོལ་མི་བྱེད་ཐབས་མེད་ཡིན། སྤོ་ལོ་འདེད་རེས་དང་འཕྲོག་རེས་བྱེད་པའི་ཅ་ཅོས་སྲང་ལམ་འུར་གྱིས་རྒྱོང་བཞིན་པའི་ཁྱིམ་དུ་སྡོད་ཚུགས་མེད་པའི་བྱིས་པའི་ཚོགས་དང་། རྩིག་ཟུར་ཞིག་ཏུ་གབ་ནས་ཐ་མག་རྐང་ཅིག་མཉམ་དུ་འཐེན་མཁན་གྱི་གཞོན་ནུ། ཅི་ཡང་དཀོན་ཞིང་ཅི་ཡང་མེད་པའི་ལོ་ཟླར་ང་ཚོར་ཅི་ཡང་མཁོ་བ་དང་ཅི་ཡང་མི་འདང་བའི་བསམ་པ་མེད། དེའི་ཕྱིར། བག་ཡངས་དང་། ལྷིང་འཇགས། སོས་དལ་གྱི་ལོ་ཟླར་ངས་ཕྱིར་དྲན་རེ་མི་བྱེད་ཀ་མེད་བྱུང་།

    བྱིས་དུས་ཀྱི་ལོ་ཟླར་རྗེས་དྲན་རེ་བྱེད་པ་ནི་ངས་ད་ལྟའི་འཚོ་བར་ཞེན་ཆགས་མི་བྱེད་པ་མིན་ཏེ། ངས་རང་གི་སྐུང་ཐབས་མེད་པའི་ཞེན་ཆགས་ཀྱི་དྲན་པ་ཞིག་གླེང་བ་ཁོ་ན་ཡིན། མ་གཞི་དེང་གི་ང་ཚོའི་འཚོ་བ་ནི་དུས་སྐབས་ཡག་ཤོས་སུ་གནས་ཡོད་ཀྱང་། སུས་ཀྱང་བྱིས་དུས་ཀྱི་ལོ་ཟླ་རང་དགར་བརྗེད་ངས་ཀྱི་རླུང་བུར་བསྐུར་འདོད་མེད་པས། ངས་ཀྱང་བྱིས་དུས་ཀྱི་ལོ་ཟླའི་སྒོ་མོ་བརྡུངས་ནས་དྲན་གསོའི་མེ་ཏོག་འགའ་བཏུས་པ་ཙམ་ཡིན། ལོ་རབས་བརྒྱད་ཅུ་པའི་སྔ་ནུབ་དང་བསྡུར་ན། ད་ལྟ་ནི་དྲ་རྒྱའི་དུས་རབས་དང་། དེ་བས་འཛད་སྤྱོད་ཀྱི་དུས་རབས་ཡིན་པས། ང་ཚོས་རང་ཁྱིམ་དུ་ལོག་རྗེས་རང་གི་ཟ་འདོད་པ་རྣམས་ཁ་པར་ནས་མངགས་ཆོག་ཅིང་། སྒོ་རྩར་ནམ་ཞིག་འབྱོར་མིན་བསྒུགས་ནས་སྡོད་སྐབས་ཀྱང་ལྟོགས་རླུང་གི་དབང་གིས་ཁ་པར་ནས་མངགས་པའི་ཞིམ་ཟས་དུས་ཐོག་ཏུ་མ་འབྱོར་བར་ཁོང་ཁྲོ་ཞིག་ལངས་སྲིད། ཁོང་ཁྲོ་དེ་བཀྲེས་ལྟོགས་ལས་བྱུང་བ་དང་། བཀྲེས་ལྟོགས་དེ་ཡང་སྒྱིད་ལུག་ལས་བྱུང་བ་སྨྲ་མི་དགོས།

    དྲ་རྒྱའི་དུས་རབས་འདིར། སྐྱེ་བོ་མི་ཉུང་བ་ཞིག་ལྷན་དུ་འཛོམས་ཀྱང་། ང་ཚོའི་དགོད་སྒྲ་ནི་ཕན་ཚུན་དབར་གྱི་ཅི་འཕྲོས་མོལ་འཕྲོས་ལས་བྱུང་བ་མིན་པར་ཁ་པར་གྱི་བརྙན་ཐུང་ལས་བྱུང་བ་ཞིག་ཡིན་ཞིང་། ཚང་མས་རྟོག་བཟོའི་འཇིག་རྟེན་ཞིག་ཏུ་འཚང་ག་ཤིག་ཤིག་གིས་དམིགས་ཡུལ་མེད་པར་ཅི་ཞིག་འཚོལ་བའམ། ཡང་ན་ང་ཚོའི་གླེང་གཞི་ནི་ནམ་ཡང་དྲ་གྲགས་མིང་ཅན་ཆེ་གེ་མོའི་སྐོར་དང་འཁྲབ་མི་ཚར་བའི་ལྟད་མོ་ག་གེ་མོའི་མཇུག་འབྲས་ལ་འཆང་བའི་སེམས་ཁྲལ་རེད།

    སྔོན་ཆད་དང་མི་འདྲ་བར་ང་ཚོའི་མིག་རྒྱང་རིང་དུ་ཕྱིན་པ་སྨོས་མེད་རེད། ཁ་པར་ལས་ང་ཚོས་འཛམ་གླིང་གི་གྲུ་ཁ་གང་རུང་གི་མི་རིགས་དང་། གོམས་གཤིས། དམག་འཁྲུག ཉམས་ཉེན། ཚན་རྩལ། གོང་འཕེལ་བཅས་འཕྲལ་མར་རྟོགས་ཐུབ་པས། རྒྱལ་ཁབ་ནས་རྒྱལ་ཁབ་དང་། གྲོང་ཁྱེར་ནས་གྲོང་ཁྱེར། གླིང་ཕྲན་ནས་གླིང་ཕྲན་བར་གྱི་་རྒྱང་ཐག་ཇེ་ཐུང་ནས་ཇེ་ཐུང་དུ་འགྲོ་བཞིན་ཡོད། འོན་ཀྱང་། དྲ་རྒྱའི་དབང་གིས་ང་ཚོ་དང་འདྲིས་ཆེ་བའི་མི་མང་པོ་རིམ་གྱིས་རྒྱང་དུ་གྲམ་བཞིན་ཡོད་པས། ངས་དེ་དག་ལ་བསམ་གཞིག་ཅིག་མི་བྱེད་རང་བྱེད་དུ་གྱུར། ཤོད་ཀྱིན་ཤོད་ཀྱིན་དུ་ང་ལྟ་བུའི་མི་ཆུང་ཞིག་གིས་གཏམ་ཆེན་པོ་འགའ་ངག་ནས་ཐལ་སོང་། འོན་ཀྱང་། བློ་རིག་པ་རྗེས་དཔག་གིས་བརྡར་ཤ་གཅོད་དགོས་པའི་དེང་འདིར། ངའི་ཡིད་མཁར་ཞེན་ཆགས་དང་ལྷག་བསམ་དཀར་པོའི་རྦ་རླབས་འཕྱོ་བ་ཙམ་ལས་ནད་མེད་སྡུག་སྐད་བརྒྱབ་པ་ཡེ་ནས་མིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།