འབྲོག་པའི་འཚོ་བའི་ཁྲོད་ཀྱི་རྟའི་སྤྱོད་གོ་དང་རིན་ཐང་གི་སྐོར་ལ་དཔྱད་པ།
འཛམ་གླིང་གི་འབྲོག་པ་གཞན་དང་འདྲ་བར་བོད་ཀྱི་འབྲོག་པའི་འཚོ་བ་ཡང་སྒོ་ཟོག་རྟ་ནོར་ལུག་གཙོ་བོར་བཟུང་སྟེ། རྩྭ་ཆུ་བཟང་སར་སྐྱས་སྤོས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། རྟ་ནི་མཆོག་ཏུ་གྱུར་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན། འབྲོག་པའི་འཚོ་བའི་ཁྲོད་དུ་རྟ་ནི་མི་དང་ཤིན་ཏུ་འགྲོགས་བདེ་ཞིང་རྟ་ལ་བརྟེན་ནས་འཚོ་བའི་སྤྲོ་སྣང་མང་པོ་འཕེལ་བས། འབྲོག་པས་རྟ་ལ་སྒོ་ཟོག་གཞན་ལས་ལྷག་པའི་བརྩེ་བ་དང་ལྟ་སྐྱོང་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་འབྲོག་པའི་རིག་གནས་དང་ཆོ་ག་སྣ་ཚོགས་ཀྱི་ཁྲོད་དུ་མཚོན་དོན་གྱི་དོན་སྙིང་དང་རིན་ཐང་ཆེན་པོ་ལྡན་ཡོད།
དང་པོ། འཚོ་བའི་སྤྱོད་གོ
བོད་རིགས་ནི་རང་རྒྱལ་གྱི་གནའ་བོའི་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། གནའ་སྔ་མོ་ནས་བཟུང་འབྲོག་ལས་གཙོ་བོར་བྱེད་པའི་འཚོ་བ་སྐྱེལ་བཞིན་ཡོད་པས། རྟ་གསོ་བའི་ལག་ལེན་ལའང་དུས་ཡུན་རིང་པོ་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་བོད་ཁ་གཡག་དྲུག་སྐབས་སུའང་འགྲོ་སྐྱོད་དང་རྔོན་རྒྱག་གི་དགོས་མཁོ་སྐོང་ཆེད། རྟ་འདུལ་སྦྱོང་དང་གསོ་སྐྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད། བོད་ཀྱི་མེས་པོ་རྣམས་ཀྱིས་རྟ་འདུལ་སྦྱོང་དང་གསོ་སྐྱོང་བྱེད་པའི་ལག་ལེན་ཁྲོད་དུ་རྟ་དང་མིའི་དབར་ལ་བརྩེ་དུང་ཟབ་མོ་ཆགས་པ་དང་། རྟ་ནི་བོད་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་སྒོ་ཕྱུགས་ཡིན་པ་མ་ཟད། བསམ་པའི་འཚོ་བའི་ཁྲོད་དད་མོས་བྱ་ཡུལ་གྱི་སྲོག་ཆགས་ཤིག་ཡིན་ཞིང་། འགྲིམ་འགྲུལ་དང་། རྔོན་རྒྱག དམག་འཁྲུག་སོགས་ཀྱི་སྐབས་སུ་ནུས་པ་གལ་ཆེན་ཐོན་ཡོད།
ཐོན་སྐྱེད་བྱེད་སྒོའི་ཁྲོད་རྟའི་ནུས་པ་གཙོ་བོ་ནི་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་ཡོ་བྱད་ཅིག་རེད། འབྲོག་པའི་སྐྱས་སྤོས་འཚོ་བ་སྐྱེལ་སྟངས་དེ་ཁོར་ཡུག་གི་ཆ་རྐྱེན་ལས་གྲུབ་པ་ཞིག་ཡིན། ས་མཐོའི་གནམ་གཤིས་ཀྱིས་རྐྱེན་པས་རྩྭ་ཐང་གི་སྐྱེ་འཚར་དུས་ཡུན་ཐུང་ཐུང་ཡིན་པས། དཔྱིད་དུས་དང་དབྱར་དུས་ཐུང་ངུའི་ནང་རྩྭ་ཐང་གི་འཚོ་བ་སྐྱེལ་གྱི་ཡོད། དེ་མིན་གྱི་དུས་ཚིགས་གཞན་དུ་འབྲོག་རར་གནས་སྤོས་འཚོ་བ་སྐྱེལ་གྱི་ཡོད། རྩྭ་ཐང་སླར་གསོ་དང་ཕྱུགས་རིགས་རྒྱུད་སྤེལ་འགན་སྲུང་བྱ་ཆེད། འབྲོག་པས་དུས་ཚིགས་མི་འདྲ་བའི་ནང་རྩྭ་ཐང་གནས་སྤོ་བྱེད་དགོས་པས། འགྲོ་སྐྱོད་རང་བཞིན་ནི་འབྲོག་པའི་འཚོ་སྡོད་ཀྱི་ཁྱད་ཆོས་ཆེ་ཤོས་སུ་གྱུར་ཡོད། རྩྭ་ཆུ་བཟང་ས་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ལུང་ཁུག་ཏུ་གནས་སྤོ་བྱེད་པའི་བརྒྱུད་རིམ་ཁྲོད་གོ་ཆོད་ཀྱི་འགྲིམ་འགྲུལ་ཡོ་བྱད་ཀྱི་གལ་ཆེའི་རང་བཞིན་མཐོང་རྒྱུ་ཡོད་པས། འབྲོག་པས་རྟ་དང་འགྲོགས་ནས་ལམ་ཐག་རིང་པོ་འགྲོ་དགོས་ཀྱང་དཀའ་ཚེགས་མཐའ་དག་ཁྱད་བསད་བྱས་ཡོད། རྟ་བཞོན་ཤེས་པ་ནས་བཟུང་འབྲོག་པས་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་སྤྱི་ཚོགས་སུ་འབྲོག་པའི་ལས་ཆོད་ཆེ་རུ་ཕྱིན་ཡོད། སྐྱེས་པ་ཕོ་ཞིག་ནར་སོན་པའི་མཚོན་བྱེད་གཙོ་བོ་ནི་རང་ཉིད་ལ་དབང་བའི་རྟ་ཞིག་ཡོད་པ་དེ་ཡིན་ཏེ། སྐྱེས་པས་རྟ་ལ་མཐོང་ཆེན་པོ་དེ་འདྲ་བྱེད་དོན་ནི། རྟ་ཡག་པོ་ཞིག་ཡོད་ཚེ་མི་གཞན་ལ་ངོམ་སོ་བྱ་རྒྱུ་དང་རང་གི་རྒྱན་ཆར་ངོས་འཛིན་བྱེད་ཅིང་། དེ་བས་གལ་སྲིད་རང་ཉིད་ལ་རྟ་ཡག་པོ་ཞིག་ཡོད་ཚེ་དེ་ནི་རང་ཉིད་ཀྱི་མཚན་སྙན་དུ་བརྩི་གི་ཡོད། དུས་ཆེན་དང་རྟེན་འབྲེལ་རིང་ཡུལ་དུས་གང་དུའང་སྐྱེས་པ་ཚོས་རང་ཉིད་ལ་མཛེས་རྒྱན་སྤྲོས་པ་དང་འདྲ་བར་རང་ཉིད་ཀྱི་རྟ་ལ་རྒྱན་སྤྲོས་གཟབ་རྒྱས་བྱེད་ཀྱི་ཡོད། དེ་ལས་སྐྱེས་པ་ཞིག་གི་ངོས་ནས་བརྗོད་ན། ཕྱུགས་རིགས་སོགས་རྒྱུ་ནོར་གཞན་དག་དང་བསྡུར་ན་རྟ་ནི་ཁོ་ཚོས་དགའ་ཤོས་བྱེད་པའི་དངོས་པོ་དེ་ཡིན་པ་ཤེས་ཐུབ། བོད་རིགས་ཀྱི་སྤྱི་ཚོགས་སུ་བྱ་སྤྱོད་མང་ཆེ་བ་རྟ་དང་ཐད་ཀར་འབྲེལ་བ་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ་ངེས་ཤིང་། གལ་ཏེ་འབྲོག་པའི་རིག་གནས་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱས་ཚེ། རིག་གནས་ཕྱོགས་གང་ས་ཅི་ཐད་ནས་འབྲོག་པ་རྟ་བཞོན་རྒྱུར་དགའ་པོ་ཡོད་པའི་རྗེས་ཤུལ་རྙེད་ཐུབ།
གཉིས་པ། བསམ་པའི་དཔལ་ཡོན།
གཅིག རླུང་རྟ།
རླུང་རྟའི་བྱེད་སྒོ་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་སྲོལ་ཞིག་ཡིན་ཏེ། རི་བོ་ཆེན་པོའི་རྩེ་དང་། ཆུ་བོ་ཆེན་པོའི་འགྲམ། ཉག་ག་ཆེན་པོའི་དཀྱིལ་སོགས་སུ་དར་ཤིང་ངམ་དར་ལྡིང་ལ་རླུང་རྟའི་དར་ལྕོག་སྒྲོག་པ་དང་། རླུང་རྟ་མཁའ་ལ་སྤུར་བ་ནི་དེ་འབྲེལ་གྱི་ཆོ་ག་གཙོ་བོ་ཞིག་ཏུ་གྱུར་པ་མ་ཟད། ལམ་འགྲོ་བ་རྣམས་ཉག་ག་མཐོ་སར་འགྲོ་དུས་ཤོག་བུའི་སྟེང་དཔར་པའི་རླུང་རྟ་མཁའ་ལ་སྤུར་བ་ནི་བོད་མིའི་གོམས་གཤིས་སུ་ཆགས་ཡོད།
རླུང་རྟ་ཞེས་པའི་ཐ་སྙད་ཀླུང་ནས་རླུང་དུ་གྱུར་བ་དང་། རྒྱ་ཡིག་གི་龙马 ཅེས་པ་ལས་བྱུང་བའི་འདོད་ཚུལ་ཡོད་རུང་། རླུང་རྟ་ཅེས་པར་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་འདོད་ཚུལ་ལས་བོད་ཀྱི་རིག་གནས་ལས་རླུང་ལ་དཔེ་འཇོག་པ་དང་། ལྷག་པར་དུ་རྟ་ཡི་མགྱོགས་པོའི་རང་བཞིན་ལ་བསྟོད་པར་རླུང་ཞེས་ཡིན་པར་འདོད། རླུང་རྟར་སྤྱིར་དར་ལྕོག་རླུང་རྟ་དང་ཤོག་བུའི་རླུང་རྟ་གཉིས་སུ་དབྱེ་བ་ཡིན། གཞན་ཡང་བོད་ཀྱི་རིག་གནས་ཁྲོད་དུ་རླུང་རྟ་ཞེས་པའི་ཐ་སྙད་འདིས་མི་ལ་བྱ་བ་ལམ་འགྲོ་ཡོང་བ་དང་། རླུང་རྟའི་ཐོག་གི་རི་མོ་རྟ་ལ་བྱ་བ་ལམ་འགྲོ་ཡོང་བའི་མཚོན་དོན་ཡོད། བོད་ཀྱི་ལོ་གསར་གཏོང་སྐབས་མི་རྣམས་ཀྱིས་རྩམ་པས་རྟ་དང་ཕྱུགས་རིགས་གཞན་དག་གི་གཟུགས་སུ་བཅས་ཏེ་ལོ་རྗེས་མར་ཆར་ཆུ་དུས་སུ་འབབ་པ་དང་མི་ཕྱུགས་ལ་གེགས་དང་བར་ཆད་མི་ཡོང་བའི་སྨོན་ལམ་འདེབས་སྲོལ་ཡོད། རླུང་རྟ་དང་རྟ་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་ཅིང་། རླུང་རྟའི་མཚོན་རིས་གཙོ་བོ་ནི་དཀྱིལ་གྱི་སྒལ་སྟེང་དུ་ཡིད་བཞིན་ནོར་བུ་བཀལ་བའི་རྟ་མཆོག་དང་། ཁྱུང་དང་འབྲུག་གཉིས་ཀྱི་གཟུགས་རིས་ནི་རླུང་རྟའི་སྟོད་ཀྱི་ཟུང་དང་། སྟག་དང་སེང་གེ་གཉིས་ནི་རླུང་རྟའི་སྨད་ཀྱི་ཟུར་གཉིས་ནས་བཀོད་ཡོད། སྲོག་ཆགས་དེ་དག་གི་ཁྱད་ནུས་ཁྱུང་ནི་རྩལ་དང་། འབྲུག་ནི་གྲགས་པ། སྟག་ནི་དཔའ་ཉམས། སེང་གེ་ནི་ཤུགས་ཀྱི་མཚོན་བྱེད་ཡིན་པ་ལྟ་བུ་མཆིས། རླུང་རྟ་ཞེས་པ་ནི་བོད་རིགས་ཚོའི་ཁ་སྐད་དུ་ཡོངས་ཁྱབ་ཏུ་སྤྱོད་ཅིང་། དེ་ནི་བཀྲ་ཤིས་པའི་ཁ་གཡང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
གཉིས། ཆོ་ག
རྟ་ནི་འབྲོག་པའི་བསམ་པའི་འཚོ་བའི་ཁྲོད་མཚོན་རྟགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྨང་གཞི་དེའི་ཐོག་ང་ཚོས་རྟ་ཡིས་འབྲོག་པའི་མི་ཚེའི་གུས་སྲོལ་ཁྲོད་ཐོན་པའི་གལ་ཆེའི་ནུས་པར་བསམ་གཞིག་བྱེད་སླ་པོ་ཡིན། དེ་སྔ་འབྲོག་ཁུལ་དུ་གཉེན་སྒྲིག་བྱེད་སྐབས་རྟ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དེ་ནི་བཀྲ་ཤིས་དང་བདེ་སྐྱིད་ཀྱི་མཚོན་རྟགས་ཤིག་ཡིན། མནའ་མ་བསུ་བར་འགྲོ་བའི་ལམ་བར་དུ་མནའ་མ་ནི་ངེས་པར་དུ་རྟ་བཞོན་ནས་འགྲོ་དགོས་ཤིང་། སྐྱེས་པའི་ཁྱིམ་དུ་སླེབས་གྲབས་ཡོད་དུས་ཁྱོ་གས་གོ་གནས་དང་ཐོབ་ཐང་ཡོད་པའི་མི་ཞིག་མནའ་མ་བསུ་བར་གཏོང་གི་ཡོད། འོན་ཀྱང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་གཉེན་སྟོན་དང་དུས་ཆེན་གཞན་དག་གི་མཛད་སྒོའི་ཁྲོད་སྦག་སྦག་དང་རླངས་འཁོར་གྱིས་རྟའི་ཚབ་བྱེད་པ་དེ་འགོག་ཐབས་མེད་པའི་འཕེལ་ཕྱོགས་ཤིག་ཏུ་གྱུར་མོད། འོན་ཀྱང་ས་ཆ་ལ་ལར་སྔར་བཞིན་སྲོལ་རྒྱུན་དེ་གནས་པ་དང་རྒྱུན་འཛིན་བྱེད་བཞིན་ཡོད།
བོད་རིགས་ཀྱི་བསམ་པའི་འཚོ་བའི་ཁྲོད་ཀྱི་རིག་གནས་ཀྱི་ནང་དོན་ལས། ང་ཚོས་རྟ་གཙོ་བོར་འཛིན་པའི་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་བོད་རིགས་མི་དམངས་ཀྱི་སེམས་ནང་གནས་པ་དང་། ཁོང་ཚོའི་རྒྱུན་ལྡན་གྱི་ཆོ་གའི་ལག་ལེན་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ།
གསུམ། ཕྱག་རྟགས།
འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་སྐྱེ་འགྲོ་ཡོངས་འདྲ་མཉམ་ཡིན་པའི་འདུ་ཤེས་བོད་རིགས་མང་ཚོགས་ཀྱི་སེམས་ནང་ཟུག་པ་ནས་བཟུང་། སེམས་ཅན་གྱི་སྲོག་མི་གཅོད་པའི་ཁྲིམས་སྲོལ་ཆགས་པས། རིམ་བཞིན་དམར་མཆོད་ཀྱི་ལས་སྤངས་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་རྟ་ཡག་པོ་ཞིག་ལེགས་སྐྱེས་སུ་འབུལ་བ་ནི་ཧ་ཅང་ཆེ་མཐོང་ཅན་ནམ་གུས་བཀུར་འོས་པའི་མི་ཆེན་ཞིག་ཡིན་དགོས། རྟ་འོལ་བ་རླུང་གི་གཤོག་པ་ཅན། །མགུལ་དོམ་གཡེར་ཁས་གཟེངས་བསྟོད་དེ། །ཆོ་རིས་ཅན་གྱི་གཡང་ཤུན་ལ། །དྲོ་ལ་འཇམ་པའི་རྩིད་སྟན་དང་། །བཙུན་པོ་བེ་དཀར་གྱི་སྒ་ཁྲ་བསྟད། །མདོ་མང་ལྕགས་ཀྱིས་གློ་ནན་བགྱིས། །གོང་རྨེད་འབྲེང་དམར་ཕོ་ལོང་མདུད། །གྲོ་ཚེམས་འཕྲུལ་གྱི་སྲབ་མགོ་ལ། །སྟག་གཟར་འཛུམ་གྱི་སྨིན་འཁྱུགས་ཅན། །འབུར་མེ་ལོང་སྐར་ཆེན་ཤར་བ་འདྲ། །སྲབ་སྐྱོགས་བློན་པོས་ཁ་བསྒྱུར་ཏེ། །སྦ་ལྕག་དཀར་པོའི་བཀའ་ནན་ཕབ། །ཁོང་ཅད་པོ་ཕ་ཤིང་བྱེད་པའི་ཚེ། །གྱི་ལིང་གི་མགྱོགས་དར་བཙུགས་ཙ་ན། །དཀྱུས་དར་ཐོག་ཆོད་ཀྱི་རྟ་ཕོ་ལགས། །ངེད་འཇིག་རྟེན་པ་ཡི་ཆེ་རྟགས་ཡིན། །ཕ་རྗེ་བཙུན་གྱི་ཆིབས་སུ་འབུལ་ལགས་ཀྱིས། །བདག་དྲི་བོ་དམྱལ་བར་མི་གཏོང་འཚལ་ཞེས་མི་ལ་རས་པའི་རྣམ་ཐར་ནང་མི་ལར་རྟ་འབུལ་བའི་ཚིག་དུམ་ལས་རྟ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་སློབ་དཔོན་ལ་ཆིབས་པ་འབུལ་བར་གལ་ཆེན་ཞིག་ཏུ་འཛིན་པར་མཚོན་ནུས། དེ་བས་འབྲོག་པའི་སྤྱི་ཚོགས་ཁྲོད་དུ་གློ་རྟ་ཞེས་ཧ་ཅང་བརྩི་མཐོང་ཆེ་ཞིང་། དེ་ནི་མི་དེ་དང་ཚེ་གྲོགས་ཇི་བཞིན་དུ་འགྲོགས་པས་ཕན་ཚུན་དབར་ལ་འབྲེལ་འདྲིས་ཟབ་མོ་ཡོད། གློ་རྟ་ནི་འབྲོག་པ་ཞིག་གི་ངོས་ནས་བཤད་ན་ཧ་ཅང་གལ་འགངས་ཆེ་བའི་མི་ཚེའི་རོགས་ཟླ་ཞིག་ཡིན། རྟ་དེ་ནི་ཕལ་ཆེར་རང་གི་ཞང་པོས་སྤྲོད་སྲོལ་ཡོད་ཅིང་། གཞན་ད་དུང་རང་གི་ཚེ་སྲོག་ཉེན་ཁ་ལས་སྐྱོབ་མཁན་གྱི་རྟ་དེ་རིགས་ལ་ད་གཟོད་གློ་རྟ་རུ་ངོས་འཛིན་བྱེད་ཀྱི་ཡོད། འབྲོག་པས་རང་གི་གློ་རྟ་ཉོ་ཚོང་དང་མི་གཞན་ལ་སྟེར་བ་སོགས་མི་བྱེད་པར་རྟ་དེར་གཅེས་སྤྲས་ཚད་མེད་བྱེད་ཀྱི་ཡོད།
གསུམ་པ། རྟའི་སྐོར་གྱི་འཛེམ་བྱ།
འབྲོག་པ་དང་རྟའི་དབར་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྟ་དང་འབྲེལ་བའི་འཛེམ་བྱ་མང་པོ་ཞིག་རིམ་གྱིས་ཆགས་ཡོད་པ་དཔེར་ན། དམངས་ཁྲོད་ཀྱི་གཏམ་དཔེར། རྟ་གཡོན་ནས་བཞོན་པ་དང་། འོ་མ་གཡས་ནས་བཞོ་དགོས་ཞེས་པ་དང་། རྟ་ཡི་སྲབ་དེ་རྟ་ཡི་མགོའི་ཐོག་ནས་བླངས་ཏེ་གང་འདོད་དུ་ས་ལ་གཡུགས་མི་ཆོག་ཅིང་། དེ་ལྟར་བྱས་ཚེ་རྟ་ཡི་གཡང་ཉམས་འགྲོ་བར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་འབྲོག་པ་ཚོ་སྦྲ་གུར་དུ་རྟ་སྲབ་ནི་གུར་གྱི་ཕྱི་ལ་བརྐྱངས་པའི་ཐག་པའི་སྟེང་དུ་བཀལ་གྱི་ཡོད། ཁང་པའི་ནང་དུ་སྡོད་སྐབས་དངོས་པོའི་སྟེང་དུ་བཀལ་སྲིད། རྟ་སྒ་ནང་དུ་འཇོག་སྐབས་ངེས་པར་སྒ་ཁ་ཁྱིམ་གྱི་སྦུག་ཏུ་གཏོད་ནས་འཇོག་དགོས་པ་ལས། རྐུབ་སྟེགས་སམ་ཡང་ན་སྒ་སྟེང་དུ་ཅ་དངོས་གང་བྱུང་འཇོག་མི་རུང་། ངག་རྒྱུན་དུ་སྒ་སྟོང་པས་བྱིའུ་འདེགས་མི་ཐུབ་ཅེས་ཟེར་བར་འཛེམ་བྱའི་དམིགས་ཡུལ་གཙོ་བོ་ནི་རྟ་སྒར་སྲུང་སྐྱོབ་བྱེད་ཆེད་ཡིན།
སྤྱིར་བཏང་རྟ་ལོ་གསུམ་བཞི་ལ་སླེབས་སྐབས་བྱ་གཅོད་ཀྱི་རེད། རྒྱུན་དུ་རྟ་མཁན་ལ་ལུག་གཅིག་གླ་ཆ་སྤྲད་ནས་གདན་ཞུ་བྱེད་ཀྱི་ཡོད། སྒྲིག་སྲོལ་དེ་ནི་རྒྱུན་ལྡན་གྱི་སྒྲིག་སྲོལ་ཞིག་ཡིན་པས་གྲོས་མོལ་བྱེད་དགོས་ཀྱི་མེད། ངག་རྒྱུན་དུ། རྟ་ཡི་བྱ་གཅོད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། གལ་ཏེ་གཤགས་བཅོས་ཡག་པོ་མ་བྱས་ཚེ་རྟ་འཆི་སླ་པོ་ཡོད། འབྲོག་པས་འདོགས་ཐག་ནི་དབྱར་ཁར་འབྲུག་སྒྲ་ལྡིར་ནས་རྟར་གློག་འཁྱུད་སླ་བར་ངོས་འཛིན་བྱེད་ཅིང་། གཞན་ཡང་མཐར་འདོགས་རྗེས་ཀྱི་གཟའ་འཁོར་གཅིག་ནང་ཕྱི་རུ་མི་གཏོང་བར་རྟའི་མིང་ལ་རྟ་མི་ཟེར་བར་བོང་གུ་རུ་འབོད་པ་ཡིན། དེའི་སྐབས་སུ་རྒྱུས་མེད་ཀྱི་མགྲོན་པོ་གསར་པ་ཡོང་བ་འཛེམ་བྱ་བྱེད་ཅིང་། གཞན་མགྲོན་པོ་སླེབས་སྐབས་ཁྱིམ་བདག་གིས་བསང་བདུག་སྟེ། རྟ་ཡི་ཚེ་སྲོག་ལ་གནོད་པ་མི་ཡོང་བ་དང་གྲིབ་སེལ་སོགས་བྱེད་དགོས་ཀྱི་ཡོད། གོང་གསལ་གྱི་འཛེམ་བྱ་དེ་དག་བརྒྱུད་ནས་འབྲོག་པས་རྟ་དང་བརྩེ་དུང་ཟབ་མོ་བཅངས་ཡོད་པ་ཤེས་རྟོགས་ཐུབ་ཅིང་། རྟ་དང་རྟ་ཆས་ལ་སྲུང་སྐྱོང་བྱ་ཆེད། ཁོང་ཚོས་རྒྱུན་དུ་ལུགས་སྲོལ་དུ་ཆགས་པའི་གོམས་སྲོལ་མམ་འཛེམ་བྱ་དེ་དག་ལ་བརྩི་སྲུང་བྱེད་ཀྱི་ཡོད།
(བུ་རྒྱ། བོད་ལྗོངས་སྦྲ་ཆེན་རྫོང་གི་མི། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2021ལོའི་མི་རིགས་རིག་པའི་ཤེས་རམས་པའི་ཞིབ་འཇུག་སློབ་མ)