ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོའི་འཕོ་འགྱུར།
ཉིན་ཤས་གོང་། བོད་ཀྱི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ས་གནས་དེ་གའི་ལྷ་མོ་རུ་ཁག་གིས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་ངོ་མཚར་ཆེ་བའི་འཁྲབ་སྟོན་ཞིག་བྱས་པ་རེད།
ཐང་ཆེན་དབུས་ཀྱི་གར་སྟེགས་ནས་རྔ་དང་སྦུབ་ཆལ་གྱི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ངོ་སེར་ལ་སྐྲ་ལོ་དཀར་པོས་བརྒྱན་པའི་འབག་གྱོན་པའི་ལྷ་མོ་བས་སྐད་གསངས་མཐོན་པོས་རྣམ་ཐར་གཏོང་བ་དང་། གར་སྟེགས་ཀྱི་གཤམ་དུ་ལྟད་མོ་བ་ཚོ་ལྷ་མོར་དབྱིངས་ཞུགས་བཞིན་སྐབས་སྐབས་སུ་གད་མོ་དགོད་བཞིན་འདུག
ལྷ་མོར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཤོད་སྲོལ་ལ་སྤྱི་ལོའི་དུས་རབས་15པར་ལྷ་མོའི་སྲོལ་གཏོད་མཁན་ཐང་སྟོང་རྒྱལ་པོས་བོད་ཀྱི་གཙང་པོ་ཚང་མར་ལྕགས་ཟམ་རེ་བསྐྲུན་ནས་གངས་ལྗོངས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་དམ་བཅའ་བཞག ཟམ་པ་སྐྲུན་པའི་མ་དངུལ་བསྡུ་རུབ་བྱ་ཆེད་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་ཐང་སྟོང་རྒྱལ་པོ་ཁོང་རང་ཉིད་ཀྱིས་འཁྲབ་གཞུང་དང་རོལ་དབྱངས་བརྩམས་པའི་ཁར། སྐྱེ་འབྲས་མཚར་བའི་བུ་མོ་སྤུན་བདུན་ལས་གྲུབ་པའི་གླུ་གར་ཚོ་ཆུང་ཞིག་སྒྲིག་འཛུགས་ཀྱིས་ས་གནས་ཁག་ཏུ་འཁྲབ་སྟོན་བྱས་ནས་ཞལ་འདེབས་སློང་བར་བསྐྱོད། ལམ་བར་དུ་ལམ་མེད་སར་ལམ་དང་ཟམ་པ་མེད་སར་ཟམ་པ་བསྐྲུན་པ་དང་ཆབས་ཅིག ཁོང་གིས་གཟི་འོད་འཕྲོ་བའི་ལྷ་མོའི་སྲོལ་ཡང་བཏོད་ཡོད། ལྷ་མོ་རུ་ཁག་འཛུགས་ཡུལ་ནི“བོད་ཀྱི་ལྷ་མོ་དར་སའི་གྲོང་ཚོ་དང་པོ”ཞེས་བརྗོད་པའི་བཀྲ་ཤིས་མཆོད་རྟེན་རེད།
2006ལོར་ལྷ་མོ་བཀྲ་ཤིས་ཞོལ་པ་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཀོད་པའི་བོད་ཀྱི་ལྷ་མོའི་ཡ་གྱལ་དུ་གྱུར་ཡོད། “ད་བར་གར་སྟེགས་ཐོག་སྔར་བཞིན་ཐང་སྟོང་རྒྱལ་པོའི་ཐང་ག་འགེལ་གྱི་ཡོད”ཅེས་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་བཀྲ་ཤིས་ཞོལ་པ་ལྷ་མོའི་རྒྱུན་འཛིན་པ་ཉི་མ་ཚེ་རིང་གིས་བཤད།
“ང་ཚོའི་འདིར་མི་ཚང་མས་ལྷ་མོ་འཁྲབ་ཤེས་ཀྱི་ཡོད་ལ་ལྷ་མོ་ལྟ་རྒྱུར་ཡང་དགའ་པོ་ཡོད”ཉི་མ་ཚེ་རིང་འདི་ལོ་ལོ་52ལ་སླེབས་པ་དང་ལོ་16ནས་བཟུང་ལྷ་མོ་སྦྱོང་འགོ་ཚུགས། ད་ཆ་རྒྱུན་འཛིན་པ་ཡིན་པའི་ཁོང་གིས་འཁྲབ་སྟོན་པ་30ལྷག་ཙམ་ལས་གྲུབ་པའི་ལྷ་མོའི་རུ་ཁག་ཅིག་གི་སྣེ་ཁྲིད་དེ། ཉིན་ལྟར་ལྷ་མོ་སྦྱོང་སྤྱོད་སྤེལ་གསུམ་ལ་གཞོལ་བཞིན་མཆིས།
ལོ་29ལ་སླེབས་པའི་ངག་དབང་ནོར་བུ་ནི་རུ་ཁག་ནང་ཞུགས་མ་ཐག་གི་སློབ་མ་གསར་པ་ཞིག་རེད། ཆུ་ཚད་མཐོ་རུ་གཏོང་ཆེད་ཁོ་པས་ཉིན་ལྟར་ཆུ་ཚོད་ཁ་ཤས་སྦྱོང་བརྡར་བྱེད་ཀྱི་་ཡོད། “ལྷ་མོར་བོད་ཀྱི་མི་སེར་ཚོས་དགའ་ཤོས་བྱེད་པ་དང་། ཉིན་ཞིག་ངས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚང་མར་ལྷ་མོའི་ཉམས་འགྱུར་མངོན་ཐུབ་པར་བྱེད་ཀྱི་ཡིན”ཞེས་ངག་དབང་ནོར་བུས་བཤད།
དེ་སྔོན་ལྷ་མོ་སྤྱིར་ན་བོད་ཀྱི་ལོ་གསར་དང་ཞོ་སྟོན་སོགས་སུ་འཁྲབ་སྟོན་བྱེད་མོད། འོན་ཀྱང་ད་ཆ་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་། ངལ་གསོའི་དུས་ཚོད། གཟའ་མཇུག་བཅས་སུའང་འཁྲབ་སྟོན་བྱེད་ཅིང་། ལྷག་པར་དུ་ལྷ་མོ་འདི་ཉིད་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་དྲ་སྦྲེལ་ལས་སྟེགས་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ཏུ་ཁྱབ་སྤེལ་གཏོང་གི་ཡོད།
2005ལོར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་བཙུགས་ཤིང་། མིག་སྔར་བོད་དུ་ལྷ་མོ་རུ་ཁག་154བར་སླར་གསོ་དང་འཕེལ་རྒྱས་བྱུང་བ་དང་མི་13ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་ཐོབ་ཡོད།
ལྷ་མོ་བ་གསར་པ་མུ་མཐུད་གསོ་སྐྱོང་བྱ་ཆེད། 2015ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་འབྲེལ་ཡོད་ཟློས་གར་ཁང་དུ་དགེ་རྒན་གདན་དྲངས་ནས་རིན་མི་དགོས་པར་ལྷ་མོ་སློབ་ཁྲིད་བྱེད་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡོད་ཅིང་། མིག་སྔར་སློབ་མ་200ལྷག་ཙམ་གསོ་སྐྱོང་བྱས་ཡོད། “00ནང་སྐྱེས”ཀྱི་བདེ་སྐྱིད་པད་སྒྲོན་ནི་ཁོང་ཚོའི་གྲས་ཤིག་རེད། ཁོ་མོས《གཟུགས་ཀྱི་ཉི་མ》ཡི་ནང་གཟུགས་ཀྱི་ཉི་མ་འཁྲབ་ཀྱི་ཡོད། འཁྲབ་རྩལ་གཟེངས་སུ་ཐོན་པར་བརྟེན་བདེ་སྐྱིད་པད་སྒྲོན་ལ་2022ལོར་སྐབས་26པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་མགོའི་མེ་ཏོག་ཆུང་ངུའི་བྱེད་སྒོའི“དཔྱིད་མགོའི་མེ་ཏོག་ཆུང་ངུའི”བྱ་དགའ་ཐོབ་ཡོད།
“ངས་ལོ་8ནས་ལྷ་མོ་སྦྱངས་པ་ཡིན། སླད་ཕྱིན་དེ་བས་ཀྱང་འབད་བརྩོན་བྱས་ཏེ། མི་སྔར་ལས་མང་བར་ན་གཞོན་འཁྲབ་སྟོན་པའི་འཁྲབ་སྟོན་མཐོང་རྒྱུ་ཡོད་པ་དང་ལྷ་མོའི་ལང་ཚོའི་གསོན་ཤུགས་ཉམས་སུ་མྱོང་དུ་འཇུག་གི་ཡིན”ཞེས་བདེ་སྐྱིད་པད་སྒྲོན་གྱིས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་4ཉིན་འབྱོར་བའི་གློག་འཕྲིན)