དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཚིགས་བཅད་སྙན་ངག་གི་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  旦增洛追   |     སྤེལ་དུས།  2024-05-06

    ཁ་རྒྱུན་དུ་ཐབས་མཁས་ན་ཚེགས་ཆུང་དོན་ཆེ། ཇུས་ལེགས་ན་རྐྱེན་ངན་གྲོགས་ཤར་ཞེས་པ་ལྟར། རྣམ་ཀུན་ང་ཚོས་བྱ་བ་ཅི་དང་གང་ཞིག་སྒྲུབ་རུང་། ཐབས་སམ་ཇུས་ཀྱིས་གང་དེའི་ཁྲོད་གལ་ཆེའི་ནུས་པ་ཐོན་དང་འདོན་བཞིན་ཡོད། ལོ་ཙཱའི་ལག་ལེན་ཁྲོད་དུའང་ཚུལ་འདི་ལས་མ་འདས། འདིར་སྨྱུག་འཛིན་པས《ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་པའི》བོད་འགྱུར་མ་གཉིས་ལ་བསྡུར་བ་གཏོང་བའི་ཐབས་ལ་བརྟེན་ནས། རྣམ་ཀུན་ཚིགས་བཅད་སྙན་ངག་སྒྱུར་བའི་ལས་ལ་གཞོལ་སྐབས་ཕྲལ་སྒྱུར་དང་། བསྣོར་སྒྱུར། ལད་སྒྱུར་བཅས་ཇི་ལྟར་སྤྱོད་དགོས་མིན་ཐད་རང་ཉིད་ཀྱི་བསམ་ཚུལ་ཅུང་ཟད་གླེང་བར་བྱའོ། དེ་ཡང་བརྗོད་བདེ་བའི་ཆེད་དུ། གཤམ་ལ་རྒན་ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་ཀྱི་འགྱུར་མར་འགྱུར་ཀ་པ་དང་། རྒན་མགོ་ལོག་རྣམ་རྒྱལ་ལགས་ཀྱི་འགྱུར་མར་འགྱུར་ཁ་པ་ཞེས་བརྗོད་རྒྱུ་ཡིན།

    དང་པོ། ཕྲལ་སྒྱུར་བཤད་པ།

    ཕྲལ་སྒྱུར(拆译)ཅེས་པ་ནི། “མ་རྩོམ་གྱི་བརྗོད་བྱ་གཞིར་བཞག་ཐོག དེའི་ཚིག་གི་སྒྲིག་གཞི་དོར་ནས་བསྒྱུར་ཡིག་གི་ཚིག་སྦྱོར་ལྟར་བསྐྱར་དུ་སྒྲིག་པའམ། ……ཡང་ན་སྐབས་དང་བསྟུན་ནས་ཚིག་དོན་ལ་ལར་ཁ་གསབ་པའམ་རྒྱས་པར་བཤད་པ། ཡང་ན་དགོས་དབང་གིས་བརྗོད་བྱ་འགའ་རེ་བསྐྱར་ཟློས་བྱེད་པ་ཞེས་པ་ལ་སོགས་པའི་མཚོན་ཐབས་བཅས་ལ་ཟེར་བ་རེད” འདི་ནི་དུས་རྒྱུན་སྙན་ངག་ལོ་ཙཱའི་ཁྲོད་སྤྱོད་མང་ཞིང་། སྐབས་བབ་ཀྱི་འགྱུར་ཀ་པའི་ནང་དུའང་མང་པོ་སྤྱད་འདུག

    མ་ཡིག “野旷天低树,江清月近人。”(孟浩然 《宿建德江》)ཞེས་པ་འགྱུར་ཀ་པས། “ས་གཞི་ཡངས་ཤིང་ཨ་སྔོན་ནམ་མཁའ་དེ། ལྗོན་ཤིང་རྣམས་ལས་དམའ་བའི་སྣང་ཚུལ་འཆར། འཇམ་འཇམ་ཆུ་བོ་དྭངས་ཤིང་ཤིན་ཏུ་མཛེས། དཀར་དཀར་ཟླ་འོད་གསལ་ཞིང་ཉེ་བར་གནས།” p261ཞེས་དང་། འགྱུར་ཁ་པས། “མཐའ་ཀླས་ནམ་མཁའ་ལྗོན་པའི་ཚད་ལས་དམའ། གཙང་པོ་དྭངས་བའི་ཟླ་གཟུགས་མི་དང་ཉེ།”p374ཞེས་པར་བསྒྱུར་ཡོད།

    འདིར་འགྱུར་ཀ་པས།“མ་རྩོམ་གྱི་བརྗོད་བྱ་གཞིར་བཞག་ཐོག དེའི་ཚིག་གི་སྒྲིག་གཞི་དོར་ནས་བསྒྱུར་ཡིག་གི་ཚིག་སྦྱོར་ལྟར་བསྐྱར་དུ་བསྒྲིགས”ནས་མ་རྩོམ་གྱི་ཚིག་རྐང་རེ་རེ་གཉིས་གཉིས་སུ་ཕྲལ་ཏེ་སྒྱུར་ཡོད་པས། འགྱུར་ཚིག་ངག་ལ་བདེ་ཞིང་། རྣ་བར་སྙན་ལ་གོ་བདེ་བའི་དགེ་མཚན་ཐོན་ཡོད། འགྱུར་ཁ་པས་བསྒྱུར་བྱའི་ཚིག་རྐང་མང་ཉུང་ཡང་སྒྱུར་བྱེད་སྐད་ལ་མཚོན་པར་བྱ་ཆེད། ཨ་ན་ཨུ་ཚུགས་ཀྱིས་མ་རྩོམ་གྱི་ཚིག་རྐང་གཅིག་གི་བརྗོད་དོན་འགྱུར་ཡིག་གི་ཚིག་རྐང་གཅིག་ཏུ་བཙུད་པས། སྒྱུར་ཤུལ་གྱིས་ཁེངས་ཏེ་ཀློག་པ་པོས་འགྱུར་ཡིག་གི་མ་རྩོམ་གྱི་བསྟན་དོན་ཇི་བཞིན་རྟོགས་རྒྱུ་ཅུང་དཀའ་ཙམ་འདུག་སྙམ།

    ཡང་མ་ཡིག “积雪浮云端”(祖咏《终南望馀雪》)ཞེས་པ་འགྱུར་ཀ་པས། “དཀར་དཀར་ཁ་བ་མཁའ་དབྱིངས་ཆུ་འཛིན་གྱི། མཐའ་རུ་ལང་ལོང་འཕྱོ་བའི་ངང་ཚུལ་འཆར།”p261ཞེས་དང་། འགྱུར་ཁ་པས། “རི་རྩེའི་གངས་ཆགས་ཆུ་འཛིན་འཕྱོ་བ་བཞིན།”p373ཞེས་པར་བསྒྱུར་ཡོད།

    འདིར་འགྱུར་ཀ་པས་ཕྲལ་སྒྱུར་གྱི་ཐབས་སྤྱད་ཡོད་སྟབས། ཚིག་རྐང་སྐོང་དགོས་པའི་དགོས་མཁོ་དང་བཅས་འགྱུར་ཡིག་ཏུ་ཟུང་ལྡན་གྱི་རྒྱན་ཡང་བཀོལ་བའི་བསྐལ་བ་ཐོབ་འདུག་ལ། འགྱུར་ཚིག་ཀྱང་སྙན་ཆ་ཤིན་ཏུ་ནས་དོད་དུ་ཕྱིན་འདུག འོན་ཀྱང་། སྐུ་ཞབས་ཞུས་གཡོན་ཁྲུང(许渊冲)གིས“ལོ་ཙཱ་བྱེད་དུས་དང་ཐོག་ཡང་དག་པའི་སྒོ་ནས་བསྟན་དོན་ཇི་བཞིན་མཚོན་དགོས། དེ་ཡང་གཙོ་བོ་ནི་མ་རྩོམ་གྱི་ནང་དོན་ཡིན། གལ་སྲིད་རབ་བྱུང་ན་མ་ཡིག་གི་རྣམ་པ་ཡང་ཇི་བཞིན་མཚོན་དགོས། དེ་རྗེས་ཚིག་སྦྱོར་བདེ་པོ་དགོས་སྟེ། སྒྱུར་བྱེད་ཀྱི་སྐད་ལུགས་ཡིག་སྲོལ་དང་བསྟུན་དགོས……” ཞེས་ཚད་ལྡན་གྱི་འགྱུར་ཡིག་ཅིག་གྲུབ་པར་བཏོན་པའི་བླང་བྱ་འདིར་གཞིགས་ན། ཁོ་བོས་བལྟས་ན། འགྱུར་ཁ་པར་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་མ་ཡིག་དང་ཐོད་གཏུག་ཐུབ་པའི་ཕན་འབྲས་ཐོན་འདུག་པས། གོང་གི་བླང་བྱ་དག་དང་ཡོངས་སུ་མཐུན་འདུག་པར་སེམས། དེ་བཞིན་མ་ཡིག “少小离家老大回”(贺知章《回乡偶书》)ཞེས་པ་འགྱུར་ཀ་པས། “བྱིས་པའི་དུས་སུ་གཅེས་པའི་ཕ་ཡུལ་བྲལ། ན་སོ་རྒས་ཏེ་རང་ཡུལ་ཕྱོགས་སུ་ལོག”p276ཅེས་དང་། འགྱུར་ཁ་པས། “གཞོན་དུས་ཡུལ་ལས་བྲལ་ཞིང་རྒས་ཚེ་ལོག།”p396ཅེས་པར་བསྒྱུར་ཡོད། འདིར་འགྱུར་ཀ་པས་ཕྲལ་སྒྱུར་གྱི་ཐབས་དང་། འགྱུར་ཁ་པས་གོ་རིམ་ཇི་བཞིན་རྣམ་པ་རང་སོར་བསྒྱུར་ཡོད། འགྱུར་གཉིས་པོས་ལོ་ཙཱའི་ཐབས་མི་འདྲ་བ་སྤྱད་པ་ལས་ཐོན་པའི་ཕན་འབྲས་ཁོ་བོའི་རྨོངས་ཚོད་ལྟར་གོང་དུ་དབྱེ་ཞིབ་བགྱིས་ཁུལ་བྱས་པའི་དཔེར་བརྗོད་དང་འདྲའོ་སྙམ་ནས་རྒྱས་བཤད་ཀྱི་ངལ་བ་མ་བྱས།

    ཡང་མ་ཡིག“夜半钟声到客船”(张继《枫桥夜泊》)ཞེས་པ་འགྱུར་ཀ་པས། “མཚན་དཀྱིལ་ཅོང་སྒྲ་བདག་གིས་མགྲོན་གྲུའི་སྟེང་། ལྷང་ལྷང་ཐོས་བ་ཨེ་མ་ངོ་མཚར་ཆེ”p283ཞེས་དང་། འགྱུར་ཁ་པས། “མཚན་དཀྱིལ་ཅོང་སྒྲ་འགྲུལ་པའི་གྲུ་རུ་སླེབས”p404ཞེས་པར་བསྒྱུར་ཡོད།

    ཕྲལ་སྒྱུར་བྱེད་དུས་སྐབས་དང་བསྟུན་ནས་ཚིག་འབྲུ་འགའ་སྣོན་པའམ་རྒྱས་པར་བཤད་དགོས། འོན་ཀྱང་། གལ་ཏེ་ཚིག་ཟུར་བསྣན་པ་ཐམས་ཅད་བརྗོད་དོན་གྱི་སྙིང་པོར་དམིགས་ནས་མ་བསྣན་ཚེ། དོན་གྱི་ཆར་ལྷད་སྐྱོན་ཞུགས་བཞིན་འདུག་སྟེ། དཔེར་ན་གོང་གི་ཚིག་རྐང་འདི་ནི་ཀྲང་ཅིས(张继)ཀྱིས་མཛད་པའི《ཧྥེང་ཆའོ་གྲུ་ཁའི་མཚན་མོ》《枫桥夜泊》ཞེས་པའི་སྙན་ངག་གྲགས་ཅན་དེའི་ནང་གི་ཚིག་རྐང་ཞིག་རེད། སྙན་རྩོམ་དེར་སྙན་ངག་པས་ཧྥེང་ཆའོ་གྲུ་ཁར་མཚན་གང་གཉིད་མ་ཁུག་པའི་སྐོར་བཀོད་འབྲི་བྱས་ནས། མི་ཡུལ་འགྲིམ་པའི་སྐྱོ་སྣང་མཚོན་པར་བྱས་ཡོད། འདིར་འགྱུར་ཀ་པས་ཚིག་རྐང་དེ་ལོ་ཙཱ་གནང་སྐབས་ཕྲལ་སྒྱུར་གྱི་ཐབས་སྤྱད་ཡོད་པས་ན། འགྱུར་རྩོམ་གྱི་ཚིག་རྐང་ཕྱི་མར་ཚིག་རྐང་སྐོང་བའི་དགོས་པ་བྱུང་བར་གཞིགས་ཏེ“ཨེ་མ་ངོ་མཚར་ཆེ”ཞེས་སྣོན་སྒྱུར་བྱས་ཡོད་པ་རེད། ཡིན་ནའང་མ་རྩོམ་དུ་སྙན་ངག་པས་ཟླ་བ་ནུབ་པ།(月落)དང་། ཕོ་རོག་གིས་སྐད་སྒྲ་སྒྲོག་པ།(鸟啼)བད་ཀྱིས་ནམ་མཁའ་གང་བ།(霜满天)སྟོན་འཇུག་གི་གཙང་འགྲམ་དུ་འོད་ལམ་ལམ་འཚེར་བའི་ཉ་གྲུའི་ལྒང་བཞུ།(渔火)སོགས་གྲང་ཤུར་ཤུར་གྱི་ཡིད་བརྙན་(意象)འདི་དག་ལ་བརྟེན་ནས་མི་ཡུལ་དུ་གྲོགས་མེད་ཁེར་རྐྱང་ངང་ལུས་པའི་ཡི་མུག་པའི་སྐྱོ་གདུང་མཚོན་པར་བྱས་ཡོད། དེར་བརྟེན་སྙན་རྩོམ་དེའི་ཁྲོད“ཨེ་མ་ངོ་མཚར་ཆེ”ཞེས་པའི་ཡིད་ཀྱི་འགྱུར་བ་སྟོན་པའི་བསྟན་དོན་མེད་སྟབས། ཕྲན་གྱི་རྨོངས་ཚོད་ལྟར་ན། འདིར“ཨེ་མ་ངོ་མཚར་ཆེ”ཞེས་པའི་སྒྲ་འདི་བསྣན་པ་དོན་དང་རྣམ་པ་གང་ནས་བལྟས་རུང་ཅུང་མི་འཚམ་པར་སྣང་། གྲགས་ཅན་ལོ་ཙཱ་བ་ཅོའོ་ཇུས་ཡིང་(焦菊隐)སྨྲས་པ་ལྟར་ན“ཚིག་རྐང་གཅིག་གམ། ཡང་ན་མིང་ལུགས་སུ་ལོ་ཙཱ་གནང་སྐབས། གང་འདིའི་བརྗོད་སྙིང་ལ་དམིགས་ནས་མཚོན་ཐབས་བྱ་དགོས” ཞེས་ལོ་ཙཱ་བས་སྔ་ཕྱི་བར་གསུམ་དུ་རྗོད་བྱེད་ཀྱི་ཚིག་ཐམས་ཅད་དོན་མེད་ཀྱི་ཚིག་རྙོག་ཏུ་མ་སོང་བར་བརྗོད་དོན་གྱི་སྙིང་པོར་དམིགས་ནས་སྒྱུར་དགོས་པའི་སྐུལ་མ་གནང་ཡོད། གལ་སྲིད་ང་ཚོས་ཁོང་གིས་གསུངས་པ་ཇི་བཞིན་གནང་བ་ཡིན་ན་གོང་གི་གནད་དོན་འདི་ལྟ་བུ་མི་ཡོང་བའི་འགན་ལེན་ཐུབ་བོ།།

    གོང་དུ་བསྟན་པ་ལས་རྟོགས་ཐུབ་པར་ང་ཚོས་ཕྲལ་སྒྱུར་གྱི་ཐབས་འདི་སྤྱད་པ་བརྒྱུད། འགྱུར་མའི་ཚིག་སྦྱོར་བདེ་ཞིང་སྡེབ་སྦྱོར་ལེགས་པའི་དགེ་མཚན་ཐོན་གྱི་ཡོད། ཡིན་ནའང་མ་ཡིག་གི་བསྟན་དོན་ཙམ་ལས་རྣམ་པ་ཇི་བཞིན་མཚོན་ཐུབ་ཀྱི་མེད་པ་མ་ཟད། དོན་ལ་ཡང་ཅུང་ཟད་འགལ་འཛོལ་འགྲོ་ཉེན་ཆེ་བས་ན། དེའི་ཐད་ཡིད་གཟབ་གནང་དགོས་སོ།།

    གཉིས་པ། བསྣོར་སྒྱུར་བཤད་པ།

    བསྣོར་སྒྱུར་ལ་སྔར་གྱི་ལོ་ཙཱའི་གཞུང་དུ“བསྣོར་ལ་བསྒྱུར་ཅིག”ཅེས་ཀྱང་འབོད། འདི་ནི“སྒྱུར་བྱེད་ཀྱི་སྐད་ལ་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་གོ་བདེ་བའི་ཆེད་དུ་བསྒྱུར་བྱའི་མིང་དང་ཚིག་སོ་སོའི་གོ་རིམ་བསྣོར་ནས་བསྒྱུར་པ་ལ་བྱ་སྟེ” གལ་སྲིད་བསྒྱུར་བྱའི“སྐད་ཀྱི་གོ་རིམ་ལྟར་ཐད་ཀར་བསྒྱུར་ན་བརྗོད་བྱའི་དོན་མི་གསལ་བའམ། ཡང་ན་གོ་ལོག་ཐེབས་པ་རྣམས་ཚིག་སྔ་ཕྱིའི་གོ་རིམ་བརྗེས་ནས་བོད་རང་གིས་གོ་བདེ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་རེད” ཐབས་དེ་ཡང་འགྱུར་གཉིས་པོས་བེད་སྤྱོད་མང་དུ་བཏང་འདུག

    དཔེར་ན་མ་ཡིག“八尺龙须方锦褥,已凉天气未寒时”(韩偓《已凉》)ཞེས་པ་འགྱུར་ཀ་པས། “ འབྲུག་གི་སྨ་རའི་རྩྭ་ཡི་གཟིམ་གདན་དེར། ཁྲེ་ཙེ་བརྒྱད་དང་ལྡན་ཞིང་དར་གོས་ཀྱི། གོས་གདན་དེ་ནི་དེ་བས་མཚར་སྡུག་ལྡན། གནམ་གཤིས་བསིལ་ཡང་གྲང་ངར་དུས་མི་འཆར།” p267ཞེས་དང་། འགྱུར་ཁ་པས།“ གནམ་ཟླ་བསིལ་ཟིན་གྲང་བར་མ་གྱུར་དུས། ཁྲུ་བརྒྱད་རྗིའུ་སྟན་ལ་ནི་གོས་གདན་བཏིངས།”p383ཞེས་པར་བསྒྱུར་ཡོད།

    འདིར་འགྱུར་ཀ་པས་སྤྱི་ཐོག་ནས་བཤད་ན་གོ་རིམ་ཇི་བཞིན་བསྒྱུར་ཡོད་པས།  ཚིག་རྐང་གསུམ་པ་དང་བཞི་པའི་དབར་ལ་གྲིས་བཅད་པ་ལྟ་བུ་སྔ་ཕྱི་འབྲེལ་ཆགས་པོ་དེ་ཙམ་བྱུང་མེད་པར་མཐོང་།  ཡིན་ནའང་། འགྱུར་ཁ་པས་བསྣོར་སྒྱུར་གྱི་ཐབས་སྤྱད་པས་ན། བརྡ་སྤྲོད་པའི་ཚིག་གི་རྡོག་ཁ་གསལ་བ་དང་། སྡེབ་སྦྱོར་ལེགས་ཤིང་བརྗོད་པ་བདེ་བའི་ཁྱད་ཆོས་ཐོན་ཡོད། འོ་ན་འགྱུར་འདི་གཉིས་ཀྱི་ལོ་ཙཱའི་ཕན་འབྲས་ཐ་དད་དུ་སོང་བའི་རྒྱུ་མཚན་གང་ལགས་ཤེ་ན། འདི་ནི“སྤྱིར་རྒྱ་ཡིག་ཏུ་ཚིག་གི་སྙིང་པོའི (主语) རྗེས་སུ་ཡུལ་དུས་སྟོན་པའི་ངེས་བྱེད་ (状语) འཇུག་པ་མང་མོད། ཡིན་ནའང་བོད་ཡིག་ཏུ་དེ་ལས་ལྡོག་སྟེ་སྔོན་དུ་འཇུག་པ་མང” བས།   འདིར་འགྱུར་ཁ་པས་རྒྱ་བོད་སྐད་རིགས་གཉིས་ཀྱི་བརྡ་སྤྲོད་ལུགས་ཀྱི་ཁྱད་ཆོས་ཐུན་མིན་དེར་ཡིད་གཟབ་གནང་ནས་དུས་སྟོན་པའི་ཚིག་རྐང་ཕྱི་མ་དེ་གོང་མར་བསྣོར་བས་ནས་བསྒྱུར་བས་སྒྱུར་ཡིག་ལ་གོང་དུ་སྨྲས་པ་ཇི་བཞིན་གྱི་ཁྱད་ཆོས་ཐོན་པ་འདྲའོ།།

    ཡང་དཔེར་ན་མ་ཡིག “铅华不可弃,莫是藁砧归”(权德舆《玉台体》)ཞེས་པ་འགྱུར་ཀ་པས། “གཏན་གྲོགས་དམ་པ་ཚུར་ལ་ཕེབས་པར་དོགས། དཀར་དམར་མཛེས་རྒྱན་དོར་བ་ག་ལ་འགྲིག” P267 ཞེས་དང་། འགྱུར་ཁ་པས། “རྒྱ་སྐེག་ཆུ་བུན་བྱུག་པ་མ་བསྐྱུར་དང་། ཁྱོ་ཁ་ཕྱིར་དུ་སླེབས་པ་མ་ཡིན་གྲང་།” P383 ཞེས་པར་བསྒྱུར་ཡོད།

    དེ་ཡང་རྣམ་ཀུན་གྱི་སྐད་ཆའི་གོ་རིམ་ལྟར་ན། ཚིག་རྐང་འདི་གཉིས་ཀྱི་གོ་རིམ་ནི་འགྱུར་ཀ་པས་བསྣོར་སྒྱུར་གནང་བ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་སྟོན་པའི་གོ་རིམ་ཞིག་ཡིན། འོན་ཀྱང་། འདིར་སྙན་ངག་པས་ཆེད་དུ་ཚིག་རྐང་གི་གོ་རིམ་འགྱུར་ཁ་པས་ལོ་ཙཱ་གནང་བ་ལྟར་བསྒྲིགས་དོན་ནི། གཅིག་ནས་དྲན་སེམས་ཀྱིས་མནར་བའི་ན་ཆུང་མས་རང་ཉིད་ཀྱི་ཁྱོ་བོ་ཐུག་པར་འདོད་པའི་བསམ་པ་མཚོན་པ་དང་། གཉིས་ནས་གབ་ཚིག་གི་འགྲོ་ལུགས་ལྟར་གབ་ལན་ཐ་མར་བཞག(“莫是藁砧归”ཞེས་པ་འདི་ཚིག་རྐང་ཐ་མ་འདིའོ།) ནས་ཀློག་པ་པོར་ཀློག་མཚམས་འདིར་སླེབས་སྐབས་གོང་གི་ཚིག་རྐང་གསུམ་པོའི་བསྟན་བྱའི་དོན་དེ་འདིའོ་སྙམ་པའི་འདུ་ཤེས་ཤིག་ངམ་ཤུགས་སུ་སྐྱེས་ཐུབ་པའི་ཆེད་དུའོ།། མ་གཞི་འགྱུར་ཀ་པས་བསྣོར་སྒྱུར་བྱས་པས་སྒྱུར་བྱེད་ཀྱི་སྐད་ཆའི་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་གོ་བདེ་རུ་ཕྱིན་མོད། འོན་ཀྱང་གོང་དུ་ཞུས་ཟིན་པ་ལྟར། སྙན་ངག་པས་ཚིག་རྐང་འདི་ལྟར་སྒྲིག་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་སྟབས། ལྕང་སྐྱ་རོལ་པའི་རྗེ་མཆོག་གིས “ཚིག་གོང་འོག་བསྣོར་ན་དོན་གོ་བ་གསལ་ཞིང་བརྗོད་བདེ་བ་རྣམས་ནི་ཚིགས་བཅད་ཡིན་ན་ཤོ་ལོ་ཀ་གཅིག་གི་ནང་དུ་གང་བདེ་བར་སྣོར་ཞིང་བསྒྱུར་པ་དང་། ཚིག་དེ་དག་གི་དོན་གང་དུ་བསྙེགས་པ་ཡན་ཆད་དུ་གང་བདེ་བར་སྣོར་ཞིང་བསྒྱུར་བར་བྱ། འོན་ཀྱང་དོན་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་གའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟགས་དགོས་སོ ” གསུངས་པ་ལྟར་ང་ཚོས་བསྣོར་སྒྱུར་གྱི་ཐབས་མ་སྤྱད་པར་ཚིག་དེ་གའི་ནུས་པ་འདོན་ལུགས་ལ་བལྟས་ནས་འགྱུར་ཁ་པས་ལོ་ཙཱ་གནང་བ་ལྟར་གོ་རིམ་ཇི་བཞིན་བསྒྱུར་ཚེ། མ་རྩོམ་གྱི་བསྟན་དོན་ཇི་བཞིན་མཚོན་ཐུབ་པའི་ཁར། རྩོམ་ཉམས་རང་སོར་གནས་ཐུབ་པའི་སྒོ་ནས་མཚོན་བཞིན་འདུག་པས་འདིར་བསྣོར་སྒྱུར་མ་བྱས་ན་ལེགས་པར་སྙམ་མོ།།

    དེར་བརྟེན། མ་རྩོམ་གི་ཚིག་སྔ་ཕྱིའི་གོ་རིམ་ཇི་བཞིན་བསྒྱུར་བས་ན། བརྗོད་བྱའི་དོན་མི་གསལ་བའམ། ཡང་ན་གོ་ནོར་ཐེབས་འགྲོ་བའི་ཉེན་ཁ་ཡོད་ཚེ། ང་ཚོས་ཚིག་སྔ་ཕྱིའི་གོ་རིམ་བསྣོར་ནས་སྒྱུར་དགོས། ཡིན་ནའང་ཚིག་གི་ནུས་པ་འདོན་ལུགས་ལའང་ཅིས་ནས་ཀྱང་དོ་སྣང་བྱེད་དགོས། ཡིན་ནའང་། མ་རྩོམ་གྱི་ཚིག་གི་ནུས་པ་འདོན་ཆེད་བསྣོར་སྒྱུར་བྱས་པ་སྒྱུར་བྱེད་སྐད་ཀྱི་འབྲེལ་མི་ཆགས་པའི་རྒྱུར་སོང་ན། ང་ཚོས་ཚིག་གི་ནུས་པ་འདོན་པའི་བློ་དོར་ནས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གང་བདེ་བར་གྱིས་ཤིག” ཅེས་《སྒྲ་སྦྱོར་བམ་པོ》གཉིས་པ་ལས་གདམས་པ་ལྟར་གནང་རྒྱུ་གལ་པོ་ཆེའོ།།

    གསུམ་པ། ལད་སྒྱུར་བཤད་པ།

    ལད་སྒྱུར(仿译)ནི་སྙན་ངག་ལོ་ཙཱའི་ཁྲོད་ཅུང་རྒྱུགས་ཆེ་བའི་སྒྱུར་ཐབས་ཤིག་ཡིན་པར་གྲགས། འདི་ནི “སྐད་རིགས་ཤིག་གི་རྩོམ་སྟངས་སོར་བཞག་གིས་སྐད་རིགས་གཞན་ཞིག་ལ་ལད་ཟློས་ཀྱི་ལམ་ནས་བསྒྱུར་བའི་ཐབས་ཤེས་ཤིག་ཡིན” ཁ་དཔེར་བྱ་བ་ཐམས་ཅད་ལད་མོ་ཡིན།  ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་པ་ལྟར། གལ་སྲིད་བསྒྱུར་བྱའི་སྐད་ལ་ལད་ཟློས་ལེགས་པར་བགྱིས་ཐུབ་ཚེ། མ་རྩོམ་དང་འགྱུར་རྩོམ་གཉིས་ཀྱི་ནང་དོན་རྣམ་པ་གང་གི་ཐད་ནས་ཀྱང་ཐོད་གཏུག་ཐུབ་པའི་ཐོག དབྱངས་ཀྱི་གདེགས་འཇོག་གསལ་ཞིང་ཚིག་གི་གཅོད་མཚམས་ལེགས་པ་སོགས་གང་ཅིའི་ཆ་ནས་མ་རྩོམ་དང་འདྲ་པོ་ཡོང་བའི་སྒྱུ་རྩལ་གྱི་ཕན་འབྲས་གྱ་ནོམ་པ་ཞིག་རང་ཤུགས་སུ་ཐོན་གྱི་ཡོད།

    མ་ཡིག“举头望明月,低头思故乡”(李白《静夜思》)ཞེས་པ་འགྱུར་ཀ་པས།“མགོ་བོ་འདེགས་བཞིན་གསལ་གསལ་ཟླ་བར་ལྟ། མགོ་བོ་སྒུར་བཞིན་གཅེས་པའི་ཕ་ཡུལ་དྲན།”p262ཞེས་དང་། འགྱུར་ཁ་པས།“མགོ་བོ་བཀྱགས་ཏེ་དཀར་གསལ་ཟླ་བར་བལྟས།།མགོ་བོ་སྨད་དེ་ཕ་ཡུལ་ཡིད་དུ་དྲན།།”p375ཞེས་པར་བསྒྱུར་ཡོད།

    གོང་གི་མ་ཡིག་ལ་ཆ་ལྡན་རྒྱན་གྱིས(对偶)མཛེས་པར་སྤུད་ཡོད་སྟབས། ཚིག་རྐང་སྔ་ཕྱི་གཉིས་ཀྱི་ཚིག་གི་སྒྲིག་གཞི་གཅིག་མཚུངས་ཡིན། དེ་ཡང་རྒྱའི་ལོ་ཙཱ་བ་གྲགས་ཅན་མོའོ་ཏུན(茅盾)གྱིས“ང་ཚོས་ཕྱོགས་གཅིག་ནས་འགྱུར་བ་མེད་པའི་སྒོ་ནས་མཁྲེགས་སྒྱུར་བྱེད་པའི་ཐབས་ལ་ངོ་རྒོལ་དང་། ཕྱོགས་གཞན་ཞིག་ནས་མ་རྩོམ་གྱི་སྐད་ཆའི་སྒྲིག་གཞི་དང་། ཚིག་སྦྱོར་སྤེལ་སྟངས་ཡོད་དོ་ཅོག་དཀྲུགས་ནས། ལྟོས་མེད་རང་དབང་གི་རྣམ་པའི་ཐོག་ནས་ཡིག་སྒྱུར་བྱ་བའི་ཐབས་ལ་ངོ་རྒོལ་བྱེད་དགོས” ཞེས་གསུངས་པ་ལྟར། ང་ཚོས་ལོ་ཙཱའི་བྱ་བའི་ཁྲོད་བསྒྱུར་བྱའི་སྐད་ལ་བསྟུན་དྲགས་རང་དྲགས་རྒྱུ་མེད་ལ། ཡང་མ་ཡིག་སྐད་ཆའི་ཁྱད་ཆོས་རིང་དུ་དོར་ནས་སྣང་མེད་དུ་གཏོང་བ་སོགས་བྱ་མི་རུང་། འདིར་འགྱུར་གཉིས་པོས་མ་རྩོམ་གྱི་སྐད་ཆའི་སྒྲིག་གཞི་དང་། ཚིག་སྦྱོར་སྤེལ་སྟངས་ལ་གཙིགས་མཐོང་དང་ལད་མོ་གནང་བར་བརྟེན། འགྱུར་ཡིག་ལའང་མ་རྩོམ་ཇི་བཞིན་ཚིག་རྐང་གོང་འོག་དབར་ལ་གཉིས་གཉིས་སུ་དོ་མཉམ་པའི་ཁྱད་ཆོས་ཐོན་ཡོད་པའི་ཁར། མ་རྩོམ་གྱི་བསྟན་དོན་ཇི་བཞིན་མཚོན་ཐུབ་ཡོད་ལ། རྡོ་ཆག་བཙན་སྒྲིག་ལྟ་བུའི་བཙན་སྒྱུར་བྱས་པའི་ཤུལ་ཡེ་ནས་མེད་པར་སྒྱུར་བྱེད་ཡི་གེའི་བརྡ་སྤྲོད་གཞུང་དང་ཡོངས་སུ་བསྟུན་ཐུབ་ཡོད། དེར་བརྟེན་ཀློག་པ་པོས་བཀླགས་ན་ངག་ལ་བདེ་ཞིང་ཉན་ན་རྣ་བར་སྙན་པ། བལྟས་ན་མིག་ལ་མཛེས་ཤིང་མྱོངས་ན་ཡིད་ཀྱི་གསོས་སུ་སྨིན་ཐུབ་པ་བྱུང་ཡོད། ད་འོ་ན་འགྱུར་འདི་གཉིས་ཀྱི་ལོ་ཙཱའི་ཕན་འབྲས་གཅིག་མཚུངས་ཡིན་པའི་རྒྱུ་མཚན་གང་ལགས་ཤེ་ན། ཕྲན་གྱིས་བལྟས་ན། འདི་ནི་འགྱུར་མ་གཉིས་པོས་མ་གྲོས་གཅིག་མཐུན་གྱི་ངང་ནས་ལད་སྒྱུར་གྱི་ཐབས་སྤྱད་པ་ལས་བྱུང་བ་ཡིན་པར་སྙམ།

    ཡང་མ་ཡིག“苍苍竹林寺,杳杳钟声晚”(刘长卿 《送灵澈》)ཞེས་པ་འགྱུར་ཀ་པས། “སྔོ་ལྗང་སྨྱུག་ཚལ་དགོན་པའི་གླིང་དབུས་ནས། མུན་མཚམས་ཐག་རིང་དྲིལ་སྒྲ་ལྷང་ལྷང་བསྒྲགས།” p264ཞེས་དང་། འགྱུར་ཁ་པས། སྨྱུག་ཚལ་དགོན་པར་སྔོ་ལྗང་མུ་མཐའ་བྲལ།། སྲོད་དུས་ཅོང་སྒྲ་རྒྱང་རིང་བར་དུ་གྲགས།། p378 ཞེས་སུ་བསྒྱུར་ཡོད།

    མ་ཡིག་གི་ཚིག་རྐང་གཉིས་པོའི་མགོར“苍苍”དང“杳杳” ཞེས་སྦྱར་བ་འདི། རྒྱའི་ཚིག་རྒྱན་གྱི་ངོས་ནས་བཤད་ན། ཟློས་རྒྱན་(反复)ཆར་གཏོགས་ཤིང་། དེས་ནན་བཤད་དང་སྙན་ཆ་དོད་དུ་གཏོང་བའི་ནུས་པ་ཐོན་བཞིན་ཡོད། དེས་ན། འགྱུར་ཀ་པས་ཚིག་རྐང་གཉིས་པ་སྒྱུར་གནང་སྐབས་མ་ཡིག་ལ་སྒྲ་རིགས་འདྲ་གཉིས་མཉམ་དུ་སྦྱར་བར(“杳杳”)བལྟོས་ནས་ལད་ཟློས་ཀྱིས“ལྷང་ལྷང”ཞེས་ཉམས་མཚོན་པའི་སྒྲ་ཞིག་གིས་བསྒྱུར་གནང་བས་མ་ཡིག་གི་སྡེབ་སྦྱོར་གྱི་མཛེས་པ་སོགས་ལེགས་པར་མཚོན་ཐུབ་ཡོད་ལ་དབྱངས་ཀྱི་འདེགས་འཇོག་གསལ་པོར་མངོན་ཐུབ་ཡོད་པ་མ་ཟད། ཐག་རིང་ལས་གྲགས་འོང་བའི་ཅོང་སྒྲ་ཡང་ཇི་ལྟ་བའི་སྒོ་ནས་ཐོས་ཚུལ་གནད་ལ་འཁེལ་པོས་བསྒྱུར་ཡོད། འགྱུར་ཁ་པས“ཅོང་སྒྲ་རྒྱང་རིང་བར་དུ་གྲགས”ཞེས་པར་ལོ་ཙཱ་གནང་སྟབས། མ་རྩོམ་གྱི་བསྟན་དོན་སྤྱི་མ་སྤོམ་ཙམ་ལས་བསྒྱུར་ཐུབ་མེད་པར་མ་ཟད།  ཟློས་རྒྱན་ལས་ཐོན་པའི་རོལ་དབྱངས་ཀྱི་ཁྱད་ཆོས་(音乐美)འདོན་ཐུབ་མི་འདུག

    དེ་བཞིན། ཡང་མ་ཡིག “青山隐隐水迢迢”(杜牧《寄扬州韩绰判官)ཞེས་པ་འགྱུར་ཀ་པས། “རབ་རིབ་སྔོ་ལྗང་རི་བོ་སྣུམ་ཞིང་མཛེས།  ལང་ལོང་ཆུ་བོའི་བཞུར་ཐག་ཤིན་ཏུ་རིང་།”p294ཞེས་དང་། འགྱུར་ཁ་པས། “གཡུ་རི་མོག་མོག་ཆུ་བོའི་རྒྱུན་མ་རིང་།།” p420ཞེས་སུ་བསྒྱུར་ཡོད། ཚིག་རྐང་འདི་ནང་གི “隐隐” དང“迢迢” ཞེས་པ་འགྱུར་ཀ་པས“རབ་རིབ”དང“ལང་ལོང”ཞེས་དང་།  འགྱུར་ཁ་པས་“མོག་མོག”ཞེས་ལད་ཟློས་དང་བཅས་ཉམས་མཚོན་པའི་སྒྲས་བསྒྱུར་བས་གཅིག་ནས་མ་ཡིག་ལྟར་སྙན་འཇེབས་ཀྱི་ནུས་པ་འདོན་ཡོད་ལ། གཉིས་ནས་མ་ཡིག་གི་བསྟན་དོན་རྗོགས་པར་མཚོན་ཐུབ་ཡོད།

    མདོར་ན་ལད་སྒྱུར་གྱི་ཐབས་འདི་ལེགས་པར་སྤྱད་ཐུབ་ན། དགེ་མཚན་ཤིན་ཏུ་ཆེན་པོ་ཐོན་གྱི་ཡོད་པར་བརྟེན། དེ་སྔོན《མའོ་ཀྲུའུ་ཞིའི་སྙན་ཚིག》དང་།《ཐོག་ཁང་དམར་པོའི་རྨི་ལམ》《གནའ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས》 སོགས་གྲགས་ཅན་གྱི་བོད་འགྱུར་མ་དག་ཏུ་ཐབས་འདི་རྒྱ་ཆེར་བཀོལ་འདུག་པས་ཞིབ་པར་འགྱུར་མ་འདི་དག་ལ་གཟིགས་པར་འཚལ།

    (རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་བསྟན་འཛིན་བློ་གྲོས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།