དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཡིད་ཀྱི་གདུ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པད་མ།   |     སྤེལ་དུས།  2024-04-28

    ནམ་ཞར་རྨི་ལམ་དུ་རྨིས་པའི་ཁྱོད་རང་།

    བདག་གི་མཚན་ལྗོངས་ཀྱི་མཛེས་སྡུག་ཡིན།

    ཡིད་གཏིང་གི་དྲན་པ་སྒུལ་མཁན་ཡང་ཡིན།


    ཐུག་འཕྲད་ཐེངས་གཅིག་གི་རྗེས་སུ།

    ཞེན་ཆགས་ཀྱི་སྐུད་པ་འཐེན་པའི་ཁྱོད་རང་།

    བདག་གི་འཚོ་བའི་ཉིན་སྲིབ་ཏུ་ཡང་ཡང་འཛུལ།


    སྡོད་མི་ཚུགས་པའི་མིག་ཟུང་།

    ཡིད་འོང་གི་ཁྱོད་ཁོ་ནར་ཕྱོགས་པས།

    ཉེ་འགྲམ་གྱི་མཛེས་སྡུག་མང་དག་ཅིག

    མིག་མཐའ་ནས་དལ་གྱིས་རྒྱང་དུ་ཡལ།


    ད་ནི། ཕོ་ལོ་ཉེར་ལྔའི་ལང་ཚོ་དང་།

    ཆག་གྲུམ་མ་ཤོར་བའི་སེམས་པ།

    གང་ལྟར་བདག་ལ་ཡོད་པའི་མཛེས་སྡུག་མཐའ་དག

    རྒྱང་རིང་གི་སྙིང་ཉེ་ཁྱོད་ཁོ་ནར་འབུལ་འདོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།