དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རྟོག་པ་སྐར་མ་བརྒྱ་ཤར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བག་མེད།   |     སྤེལ་དུས།  2024-04-28

    དྲན་དང་བརྗེད་ངས་ཀྱི་དབར་ནས། །

    མི་ལོ་ཉེར་དྲུག་ལ་ཐོན་སོང་། །

    ཉེར་དྲུག་དྲན་པ་ཡི་སྣེ་མོར། །

    བརྩེ་བའི་གཏམ་རྒྱུད་ཅིག་དཔྱངས་ཡོད། །


    དུང་སེམས་དགུང་སྔོན་གྱི་དབྱིངས་སུ། །

    བརྩེ་བའི་ཟླ་རིས་དེ་གསལ་ན། །

    ལིང་ལིང་སྤྲིན་དཀར་གྱི་སྦར་མོས། །

    བསྐུངས་དང་མ་བསྐུངས་ཤིག་མི་འདུག །


    སྙན་ངག་མཁན་པོ་བཞིན་བཤད་ན། །

    མཁས་འདོད་གྲགས་འདོད་དེ་མ་ཡིན། །

    ཚངས་དབྱངས་རྒྱ་མཚོ་ལྟར་གླེང་ན། །

    ཕར་དགའ་ཚུར་འཐད་དེ་ལོས་ཡིན། །


    སེམས་ལ་ཨ་ལོང་ཞིག་ཡོད་ན། །

    འགུགས་བྱེད་ལྕགས་ཀྱུ་དེ་ཁྱོད་རེད། །

    དགུང་ལ་སྤྲིན་ཕུང་ཞིག་རྒྱུ་ན། །

    གཡོ་བྱེད་བསིལ་རླུང་དེ་ཁྱོད་རེད། །


    འདྲ་འདྲ་མང་པོ་ཡི་ནང་ནས། །

    མི་འདྲ་ཤེས་རབ་ཀྱི་དབུ་འཕང་། །

    མི་འདྲ་མང་པོ་ཡི་ནང་ནས། །

    འདྲ་བ་ངར་འཛིན་གྱི་མཚན་མ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།