དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཡིད་ཀྱི་དགའ་སྟོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རང་མདངས།   |     སྤེལ་དུས།  2024-04-28

    འཇིག་རྟེན་སྒོ་མོ་འབྱེད་པའི་ལྡེ་མིག་དང་། །

    མ་རིག་མུན་པ་སེལ་བའི་སྒྲོན་མེ་སྟེ། །

    སྲིད་དང་ཞི་བ་ཀུན་གྱི་རིན་ཆེན་ནོར། །

    དཔེ་དེབ་ཡག་པོ་རིན་ཆེན་གསེར་ལས་ལྷག །


    མདུན་གྱི་མུན་པ་སེལ་བའི་འོད་སྣང་ཡིན། །

    ཕུགས་ཀྱི་བགྲོད་ལམ་སྙེག་པའི་ལམ་སྟོན་ཡིན། །

    རྒྱལ་ཁམས་འཇིག་རྟེན་འགྲིམ་པའི་མིག་ཟུང་སྟེ། །

    དཔེ་དེབ་རྨོངས་མུན་སེལ་བའི་ཉིན་བྱེད་ཡིན། །


    སྙན་འགྱུར་ངག་གི་ཕུང་པོ་ཚིག་ལ་བྱང་། །

    ཟབ་གནད་དོན་གྱི་མན་ངག་ཡིད་ལ་ཤར། །

    ཉིན་མཚན་ཁོར་མོ་ཡུག་གི་དུས་ཚོད་དེ། །

    དཔེ་ཀློག་ཐོས་བསམ་འཚོལ་བའི་ལས་ལ་འཇུག །


    བང་རིམ་དུ་མས་བརྩེཌ་པའི་དགའ་ལྡན་ཁྲིར། །

    ཆོས་འཆད་སྨྲ་བའི་སེང་གེ་འགྱིང་པ་དེ། །

    ཚིག་ཚོགས་ངག་གི་འདུ་བ་ལས་བྱུང་བའི། །

    དཔེ་ཀློག་ལྟེ་བར་འཛིན་པའི་བཀའ་དྲིན་ཡིན། །


    མཚན་སྙན་བ་དན་སྣེ་མོ་མཁའ་ལ་གཡོ། །

    ཚིག་གི་རབ་བྱེད་སྒྲིག་པའི་སྙན་ངག་པ། །

    ཡིག་ཆུང་ཀ་ཁའི་དབྱངས་རྟ་གྱེར་མཁས་པ། །

    དཔེ་ཀློག་ཐོས་པ་བསགས་པའི་འབྲས་བུ་ལགས། །


    སྐྱེས་པ་ནས་བཟུང་མཐའ་མ་མ་འཆི་བར། །

    དཔེ་དེབ་ནོར་དུ་བརྩིས་ནས་དེ་དང་ལྷན། །

    ཉིན་མཚན་དུས་བཞི་ཕར་ལ་སྐྱེལ་ཐུབ་པའི། །

    རེ་སྨོན་ཡིད་ཀྱི་འཆར་ཡན་འདི་ནས་ཞུས། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།