དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ལ་ཕུགས་བསམ་ཟེར་བའི་སྙིང་ཉེ་ཞིག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མགོན་ཤུལ་ཕུན་ཚོགས།   |     སྤེལ་དུས།  2024-04-28

    ཕོ་ལོ་བཅོ་བརྒྱད་ལ་སླེབས་དུས། ང་རང་ཕུགས་བསམ་ཟེར་བའི་བུ་མོ་ཞིག་ལ་སེམས་པ་ཤོར་སོང་། སྙན་ངག་ཁ་ཤས་ཀྱིས་མོ་རང་གི་མཛེས་སྡུག་མཚོན་ཐུབ་མིན་བལྟས་ཀྱང་། བསམ་པ་མཐའ་ཡས་རུང་འོག་རྟའི་བང་ཟད་ཅེས་པ་ལྟར། ངས་ད་དུང་ཅི་ཞིག་ལྷག་སོང་བ་དང་འདྲ་ལ། ཅི་ཞིག་ཆད་སོང་བ་དང་འདྲ་བར། ཕུགས་བསམ་ཁོ་ན་ངའི་དྲན་པའི་རྟེན་དུ་ཉར་འདུག

    ལོ་ཟླ་འདིས་ཁེར་རྐྱང་གི་གྲིབ་མར་ཕེབས་བསུ་དང་སྐྱེལ་མ་ཞུས། ངས་རྒྱུན་དུ་རང་གི་གྲིབ་མར་ཅེར་ཏེ། འགྲོ་ཞོར་འདུག་ཞོར་དང་ཟ་ཞོར་འཐུང་ཞོར་ལ། འཚོ་བའི་སྙིང་པོ་ཡང་ཡང་དྲན་ཡང་། མཐའ་མཇུག་ཁྱེད་ཁོ་ན་ངའི་འཚོ་བའི་སྙིང་པོ་ཡིན་སྣང་ཤར།

    མི་ཡུལ་ཐེངས་ཤིག་འགྲིམ་པར་དོན་ཞིག་དགོས་ན། ངས་སྐྱེ་བ་ནས་སྐྱེ་བར་ཁྱེད་དང་འཕྲད་པའི་དུས་ཚོད་སྐར་མ་རེ་རེ་ནི་དོན་སྙིང་ཅན་དུ་སྒོམ་ཡོད་ལ། དོན་སྙིང་དེས་ད་བར་ང་རང་ལ་ལམ་སྟོན་དང་འབད་འཐབ་ཀྱི་དམིགས་འབེན་གནང་བྱུང་། འཚོ་བར་ཁ་ཕྱོགས་དང་དམིགས་འབེན་ཡོད་པས། ངས་ད་གཟོད་འཇིག་རྟེན་འདིའི་རིན་ཐང་མཐོང་བྱུང་།

    མ་གཞི་ངས་ཁྱེད་ཀྱི་རྗེས་སུ་ཡུན་གྱིས་འབྲང་ཡང་། ཁྱེད་ཀྱི་རྗེས་ཧ་ཅང་ཆོད་དཀའ། ཕུགས་བསམ་གྱི་སྙིང་ཉེ་ལགས། ཁྱེད་རང་སྤོ་བོ་ལགས་ཀྱིས་བཤད་པའི་བྱིས་སྒྲུང་ཁྲོད་ཡོད་དམ། ཡང་ན་མཁའ་མཐའ་ན་མེ་བཞིན་འབར་བའི་མཚམས་སྤྲིན་ཁྲོད་ཡོད་དམ། གང་ལྟར་ངས་མུ་མཐུད་དེ་ཁྱེད་ལ་ཕྱོགས་ནས་ཡོང་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།