རེ་བས་ཁེངས་པའི་དཔྱིད་དུས།
དཔྱིད་དུས་ནི་ནམ་དུས་བཞིའི་ཁྲོད་ནས་རེ་བ་དང་གསོན་ཤུགས་ཀྱིས་ཕྱུག་པའི་དུས་ཚིགས་ཤིག་ཡིན་སྟབས། གནའ་ནས་ད་བར་སྙན་ངག་པ་དང་རི་མོ་མཁན་ཚོའི་བསྟོད་པའི་མེ་ཏོག་གཏོར་ཡུལ་དུ་གྱུར་ཡོད།
ངོ་མ་དཔྱིད་ཀྱི་དཔལ་ཡོན་གྱིས་ཁམས་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རིས་སུ་མ་ཆད་པ་སྟེ། མཐོ་གངས་དཀར་གྱི་རྩེ་མོ་དང་། དམའ་བདེ་མོའི་ཐང་གཤོངས། ཆུ་དང་ཆུ་ཕྲན། སྐྱེ་བོ་རྒན་གཞོན། ཟོག་རི་དྭགས་ཀྱི་འཁོར། རྩྭ་རྩི་ཤིང་དང་བཅས་པ་ཡོད་ཚད་ཀྱི་ཡོད་ཚད་ལ་ཚེ་སྲོག་གི་ཁྲག་རྒྱུན་གསར་པ་རེ་བསྣན་པ་དང་། སྔར་མེད་ཀྱི་རེ་བའི་འོད་སྣང་རེ་སྩོལ་བཞིན་པ་ནི་སུས་ཀྱང་བསྙོན་དུ་མེད་པའི་དོན་དངོས་ཤིག་ཏུ་གྱུར།
སྐྱེ་སྟོབས་ཀྱི་མཚན་མས་ཡོངས་སུ་ཕྱུག་པའི་དཔྱིད་དཔལ་བྱེད་པོའི་གཟི་བྱིན་གྱིས་དགུན་ཟླ་གསུམ་རིང་གྲང་ངར་གྱིས་རབ་ཏུ་མནར་ནས་ལུས་ཟུངས་ཉམས་པ་དང་། འཕར་རྩ་མཁྲེགས་པོར་གྱུར་བ། ཡན་ལག་དང་ཉིང་ལག་རེངས་པོར་གྱུར་ཏེ་ནུས་པ་ཉམས་པའི་རྩྭ་རྩི་ཤིང་ཐམས་ཅད་ལ་གསོན་ཤུགས་ཀྱིས་ཁེངས་ནས་རྩ་བ་ཚུགས་པ་དང་། ལོ་འདབ་རྒྱས་པ། མེ་ཏོག་བཞད་པ་སོགས་དེ་དང་དེ་འདྲ་བའི་མཛེས་སྡུག་གིས་འཇིག་རྟེན་ཁམས་ཀུན་ཏུ་བརྒྱན་པ་དང་། གྲང་ངར་གྱི་གཤེད་མས་ཡོངས་སུ་བཅོམ་ནས་ཤི་མ་གསོན་དུ་གནས་པའི་སྲོག་ཆགས་མང་པོ་ཞིག་ལ་འཆི་གསོས་ཀྱི་རིན་ཆེན་རིལ་བུ་ཐོབ་པ་ལྟར། ཚེ་སྲོག་གི་འོད་སྣང་གསར་དུ་མངོན་ནས་བག་ཕེབས་ཅི་དགར་རྩེད་པ་སོགས་བྱེད། ས་སྟེང་དང་ས་འོག་གི་ཆུ་རྒྱུན་ཡོད་དོ་ཅོག་དཔྱིད་དཔལ་སྒེག་མོའི་ལུས་དྲོད་ཀྱིས་བསྐྱངས་པའི་དྲིན་གྱིས་ལུས་ཀྱི་ཁོ་ལག་ཡོངས་སུ་རྒྱས་ཏེ་ལྷུང་ལྷུང་སྙན་པའི་ངག་དང་བཅས་གང་སར་རྒྱུ་བ་དང་། ཁྱེད་འགྲོ་སའི་ས་གཞིའི་དཀྱིལ་འཁོར་ཡོངས་ལ་སྔོ་ལྗང་གཡུ་ལོའི་གོས་རྒྱན་གསར་དུ་བཀླུབས་པ་དང་། སྤང་རྒྱན་མེ་ཏོག་སོགས་སྔོ་སེར་དཀར་དམར་མེ་ཏོག་གིས་ལ་ལུང་བརྒྱན་ནས་འཆི་མེད་གནས་ལ་འགྲན་པའི་ཉམས་དགའི་མཛེས་ལྗོངས་ཤིག་སྐྲུན་པ། བཅུད་ཀྱི་སྐྱེ་བོ་རྣམས་ནི་དེ་བས་ཀྱང་ལུས་ཀྱི་རྩ་མདུད་གྲོལ་བ་ལྟར་ཡང་བསིལ་བསིལ་དང་དྲོ་སོབ་སོབ་ཀྱི་སྒྱུ་མའི་ལུས་ཀྱི་ཕུང་པོ་དེ་དཔྱིད་རླུང་གིས་གཙང་མར་བཅོས་པའི་དྭངས་གཙང་གི་མཁའ་རླུང་ཁྲོད་དང་། སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་མཛེས་ལྗོངས་ཀྱི་དབུས། ཤང་ཤང་རྣ་བར་འཇེབས་པའི་འབབ་ཆུ་བསིལ་མའི་འགྲམ། རེག་བྱ་འཇམ་ཞིང་འབོལ་ཤིག་ཤིག་གི་ས་གཞིའི་ངོས། གསར་སྐྱེས་ཀྱི་རྩྭ་རྩི་ཤིང་ལས་འཐུལ་བའི་དྲི་བཟང་གི་ཀློང་དུ་ཡིད་ཀྱི་ཤེས་པ་གསལ་ལ་ངག་གི་བརྗོད་པ་བདེ་བའི་ངང་ནས་རྫོགས་ལྡན་གྱི་ནམ་ཟླ་བཟང་པོ་དེས་སྦྱིན་པའི་དགའ་བདེའི་དཔལ་ལ་བདག་གིར་སྤྱོད་པར་བྱེད།
དཔྱིད་ཀྱི་དཔལ་ཡོན་ནི་དེ་ལྟ་བུའི་འཇིག་རྟེན་གྱི་རྣམ་པ་ཡོངས་སུ་བརྗེ་བར་ཕོད་པའི་སྟོབས་དང་ནུས་པ་རྫོགས་པ་ཞིག་ཡིན། འོན་ཀྱང་། དཔྱིད་དཔལ་གྱི་དོན་སྙིང་ངོ་མ་ནི་སྣོད་བཅུད་ཀྱི་ཁོ་ར་ཁོར་ཡུག་ཀུན་ལ་འབད་འཐབ་ཀྱི་དམིགས་ཚད་མི་འདྲ་བ་རེ་དང་རེ་བ་གསར་པ་རེ་སྦྱིན་པ་དེ་ཡིན་ཞིང་། དེ་ཡང་ལོ་གཅིག་འབྲས་བུ་དཔྱིད་ཀར་ཐུག་ཅེས་པ་དང་། དཔྱིད་ཐལ་བ་འཚུབ་འཚུབ་མ་བྱས་ན། སྟོན་སྣུམ་ཞག་ཚིལ་ཚིལ་ག་ནས་ཡོང་ཞེས་པ་སོགས་གནའ་གཏམ་མང་དག་ཅིག་གི་ཐོག་ནས་ནམ་དུས་དེའི་གལ་ཆེའི་རང་བཞིན་མཚོན་པར་བྱས་ཡོད། དོན་དུའང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པ་ནི་སྟོན་དུས་སྐྱ་ནམ་རྒྱས་པོ་ཡོང་བའི་རྨང་གཞི་ཡིན་པ་དང་། དཔྱིད་དུས་སྒོ་ཟོག་ལ་བདག་གཅེས་ཡག་པོ་བྱ་རྒྱུ་ནི་ལོ་དེའི་ཕྱུགས་རིགས་འཕེལ་ཁ་རྒྱས་མིན་དང་ཐད་ཀར་འབྲེལ་བ། དཔྱིད་དུས་སོ་ནམ་ཞིང་ལས་ཚགས་ཚུད་པ་བྱ་རྒྱུ་ནི་ལོ་ལེགས་ཀྱི་འབྲས་བཟང་ཐོབ་མིན་གྱི་འགན་ལེན་བཅས་ཡིན་པ་ནི་སྨོས་མི་དགོས། དེ་དང་མཚུངས་པར་སྐྱེ་བོ་ཞིག་གི་མི་ཚེའི་ནང་དུའང་ལང་ཚོ་རྒྱས་པ་དང་། ནད་མེད་ཚེ་རིང་། བཤེས་གཉེན་བཟང་པོས་བསྐྱངས་པ། དུས་དང་བསྐལ་པ་བཟང་པོ་འཕྲད་པ་སོགས་རྫོགས་ལྡན་གྱི་གོ་སྐབས་མང་དག་ཅིག་ཕྲད་དང་འཕྲད་བཞིན་ཡོད་པ་དེ་དག་ལ་གཅེས་པར་འཛིན་ཏེ་འབད་འཐབ་ཀྱི་དམིགས་ཚད་སྡོང་པོར་རེ་བའི་འབྲས་བཟང་སྨིན་པར་ཅིས་ཀྱང་བརྩོན་དགོས་སོ།