དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རྩྭ་འཇག་མའི་ལེགས་སྐྱེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤྲིན་མདོག   |     སྤེལ་དུས།  2024-04-28

    ཨེ་མ། རྩྭ་འཇག་མ། བྱང་རྩྭ་ཐང་སྟེང་གི་རྩྭ་འཇག་མ། ཁྱེད་ནི་དབྱར་གྱི་དྲག་ཆར་རླུང་འཚུབ་དང་། དགུན་གྱི་ཁ་བ་བུ་ཡུག་གང་གི་གནོད་འཚེ་དང་བར་ཆད་ལས་རྣམ་པར་རྒྱལ་ཏེ། རྩྭ་ཕྲན་དུ་མའི་གསེབ་ནས། ཁྱེད་རང་མངོན་གསལ་དོད་པའི་དཔའ་སྟོབས་དང་ལྡན་པའི་ངང་ཀེ་རེར་འགྲེང་ཞིང་། ཐ་ན་དགུན་གངས་ཆེན་དྲག་པོས་ས་གཞི་ཡོངས་སྐྱ་ཐིང་ཐིང་གི་འཇིག་རྟེན་ཞིག་ཏུ་བསྒྱུར་དུས་ཀྱང་། ཁྱེད་ཀྱིས་སྔར་རྒྱུན་ལྟར་ཁ་བའི་གནོན་ཤུགས་དྲག་པོར་མགོ་མི་སྒུར་བ་མ་ཟད། དེ་ལས་ལྡོག་སྟེ་གཞན་ཕན་སྒྲུབ་པའི་རང་གི་ལྷད་མེད་ལྷག་བསམ་གྱི་བློ་སྟོབས་ངོམ་བཞིན། ཁ་བའི་ཁྲོད་དལ་བ་དལ་བུར་ཀེ་རེར་ལངས་ཏེ། སེམས་ཅན་ཇི་སྙེད་ཅིག་གི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་ཞིང་། དེ་དག་གི་ཚེ་སྲོག་སྐྱོབ་པའི་གྲངས་ཚད་ནི་སེམས་ཅན་གྱི་བ་སྤུ་ལས་ཀྱང་མང་བ་སྨོས་ག་ལ་དགོས། འོན་ཀྱང་། ཁྱེད་ཀྱིས་མངོན་གསལ་མེད་པའི་གལ་ཆེའི་ལེགས་སྐྱེས་དག་ལ་སྐྱེ་བོ་མང་པོས་དོ་སྣང་དེ་ཙམ་མི་བྱེད་པའམ། ཐ་ན་ཁྱེད་རང་ཁོང་ཚོའི་མཐོང་ཆོས་སུ་གྱུར་ཡང་རྡོག་པས་བརྫིས་ཏེ་འགྲོ་བ་ལས་སྣང་བ་གཏོང་མཁན་མེད། འོན་ཀྱང་། ཁྱེད་ཀྱིས་སྔར་བཞིན་རང་གནས་སུ་རྩ་བ་བརྟན་པོར་བཙུགས་ཏེ་ལང་ཚོའི་གསོན་ཤུགས་ངོམ་བཞིན་པ་མཐོང་དུས། ངའི་ཡིད་ངོར་མངོན་གསལ་མེད་པའི་ལས་གནས་སུ་མངོན་གསལ་མེད་པའི་གཞན་ཕན་གྱི་བྱ་གཞག་སྒྲུབ་པ་དང་། བྱ་གཞག་དེ་ཡི་ཆེད་དུ་རང་ནུས་ཡོད་རྒུས་འབད་བརྩོན་བྱས་ཏེ། ལེགས་སྐྱེས་ཕུལ་དང་འབུལ་བཞིན་པའི་སྐྱེ་བོ་དག་ཀྱང་ངང་གིས་འཆར་འོང་། ཨེ་མ། རྩྭ་འཇག་མ། བྱང་རྩྭ་ཐང་གི་རྩྭ་འཇག་མ། ཁྱེད་ལ་དེ་ལྟ་བུའི་གཞན་ཕན་གྱི་སེམས་བཟང་དང་། སྟོབས་ཤུགས་དེ་འདྲ་ལྡན་པའི་རྒྱུ་རྐྱེན་གང་ལགས་ཤེ་ན། དེ་ནི་ཁྱེད་ལ་སྦག་བཙོག་གི་དྲི་མ་དང་བྲལ་བའི་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་ཞིག་དང་། རང་ལུས་ལ་འགྲན་ཟླ་བྲལ་བའི་ཚེ་སྲོག་གི་སྟོབས་ཤུགས་མངའ་བས་ཡིན་ཞིང་། ཁྱེད་ཀྱིས་ཁོར་ཡུག་བཟང་པོ་འདིར་དྲིན་གཟོ་ཆེད་ད་གཟོད་དྲག་ཆར་རླུང་འཚུབ་དང་ཁ་བ་བུ་ཡུག་གི་བར་ཆད་དང་གནོད་འཚེ་མཐའ་དག་ལས་རྣམ་པར་རྒྱལ་བ་མིན་ནམ།

    ཨེ་མ། རྩྭ་འཇག་མ། ང་ཚོ་ཡང་རྩྭ་འཇག་མ་བཞིན་ལྷག་བསམ་རྣམ་དག་གིས་འགྲོ་བ་མིའི་རིགས་ལ་ཕན་པའི་བྱ་གཞག་སྒྲུབ་པ་དང་། སྤྱི་ཚོགས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ། སྤྱི་ཚོགས་དང་མི་དམངས་ལ་ཕན་འདོགས་པའི་མི་ཞིག་བྱེད་ཐུབ་ཚེ། དེ་ནི་དངོས་གནས་ཐོབ་དཀའ་བའི་དལ་འབྱོར་མི་ལུས་བླངས་པའི་དོན་སྙིང་ངོ་མ་དེ་རེད་སྙམ། དེར་བརྟེན། ང་ཚོས་རྩྭ་འཇག་མར་སློབ་སྦྱོང་མང་ཙམ་བགྱིས་ཏེ། མི་ཚེ་མནོག་ཆུང་གི་བྱ་བའི་ཁྲོད་སྟོང་ཟད་མ་བཏང་བར། གཞན་ཕན་གྱི་ལྷག་བསམ་དྭངས་མས་དུས་ནམ་ཡིན་ཡང་སོ་སོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཆེད། དོན་ངོ་མའི་ལག་ལེན་ནས་ཕན་ཚུན་རོགས་རམ་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གཅེས་སྐྱོང་བྱེད་དགོས་སྙམ། བྱང་རྩྭ་ཐང་སྟེང་གི་རྩྭ་འཇག་མ་བཞིན་རང་གི་ལས་གནས་བརྟན་པོར་བསྲུངས་ཏེ། གཞན་ཕན་གྱི་བྱ་བཟང་ལས་བཟང་མང་ཙམ་སྒྲུབ་པར་འབད་དགོས། འདི་ལྟར་བྱས་ན། ང་ཚོའི་མི་ཚེར་ད་གཟོད་ཁ་དོག་སྣ་ལྔའི་འཇའ་འོད་ཀྱི་གུར་ཁང་ཕུབ་སྲིད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་གི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་ངེས་རེད་སྙམ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།