དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • གླུ་གར་འཁྲབ་སྟོན《བྱང་ཐང་》ལས་བྱང་ཚྭ་ལེན་པའི་རིག་གནས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-27

    ཉེ་ཆར། བོད་ཀྱི་ན་གཞོན་ཞབས་བྲོ་མཁས་པ་དང་འཁྲབ་ཁྲིད་པ་ལྷག་པ་བཀྲ་ཤིས་ཀྱིས་འཁྲབ་ཁྲིད་ཇུས་འགོད་དང་རྩོམ་སྒྲིག་བྱས་པའི་གླུ་གར་འཁྲབ་སྟོན《བྱང་ཐང》ཞེས་པ་ཝུའུ་ཧན་དུ་འཁྲབ་སྟོན་ཐེངས་དང་པོ་བྱས།

    བོད་བྱང་ཐང་གི་སྐྱས་སྤོས་རིག་གནས་ཁྲོད་ཀྱི་བྱང་ཚྭ་ལེན་པའི་དཀའ་སྡུག་གི་བརྒྱུད་རིམ་སླར་ཡང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ལམ་དུ་མངོན་པའི་གླུ་གར་འཁྲབ་སྟོན་འདི་ནི་ལྷག་པ་བཀྲ་ཤིས་ཀྱིས་བོད་བྱང་ཐང་བརྗོད་གཞི་གཙོ་བོར་བྱས་པའི་གླུ་གར་འཁྲབ་སྟོན་གྱི་འཁྲབ་ཁྲིད་ལས་ལ་ཞུགས་ཐེངས་ཐོག་མའི་བརྩམས་ཆོས་ཤིག་རེད།

    2021ལོར་ཁོང་གིས་འཁྲབ་ཁྲིད་ཀྱི་འགན་གཙོ་བོ་འཁུར་བའི་བོད་བྱང་ཐང་གི་སྐྱས་སྤོས་རིག་གནས་བརྗོད་གཞི་གཙོ་བོར་བྱས་པའི་གླུ་གར་འཁྲབ་སྟོན་ཐོག་མ《གནམ་མཐའི་འབྲོག་པ》ཞེས་པ་ལེགས་གྲུབ་བྱུང་ཡོད། གཏམ་བརྗོད་ནས་འགོ་བརྩམས་པའི་གླུ་གར་འཁྲབ་སྟོན་འདིའི་ནང་བྱང་ཚྭ་ལེན་པ་དང་གཉེན་སྟོན་སོགས་དཔལ་མགོན་རྫོང་གི་ཆེས་དམིགས་བསལ་གྱི་སྲོལ་རྒྱུན་སྐྱས་སྤོས་རིག་གནས་བརྗོད་གཞི་གཙོ་བོར་བྱས་ནས་མཛེས་པའི་རྩྭ་ཐང་རིག་གནས་ཀྱི་གཟུགས་བརྙན་བཏོད་ཡོད། དེང་རབས་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ལེའུ་དང་དོན་ཚན་ཁག་ཏུ་དབྱེ་སྟེ་བོད་བྱང་ཐང་གི་དཔལ་མགོན་བས་སྤྱི་ཚོགས་རྙིང་པ་ནས་གསར་པ་དང་སྡུག་བསྔལ་ནས་བདེ་སྐྱིད་ཀྱི་འཚོ་བར་བསྐྱོད་པའི་ལོ་རྒྱུས་མཚོན་པར་བྱས་ཡོད།

    “བོད་བྱང་ཐང་ནི་མིང་དོན་མཚུངས་པའི་མཐའ་ཡས་མུ་མེད་ཀྱི་ཡུལ་ཁམས་ཤིག་ཡིན་ཞིང་། འདི་གར་གསོ་རླུང་དཀོན་ལ་ནམ་མཁའ་གཡའ་དག་ཅིང་ཆུ་མོ་དྭངས་ཤིང་གཙང་། ཁྱེད་ཀྱིས་མཐོ་སར་འཛེགས་ནས་རྒྱང་རིང་དུ་ཁ་ཕྱོགས་སྐབས་ལེ་དབར་བརྒྱ་ཡི་རྒྱང་ཁད་ཆོད་པའི་ཆུ་མོ་དང་མུ་ལ་མུ་ཁྱུད་ཀྱི་རི་རབ་ལས་ཁྱེད་ལ་བརྗོད་ཀྱིས་མི་ལངས་བའི་ཚོར་སྣང་ཟབ་མོ་ཞིག་སྦྱིན་ངེས་ལགས”ཞེས་པ་འདི་ནི་རྩོམ་པ་པོ་འཇམ་དབྱངས་ཤེས་རབ་ཀྱི་དྲན་པའི་ངོས་སུ་བཀོད་པའི་ཕ་ཡུལ་བྱང་ཐང་ལ་བསྔགས་པའི་དམ་ཚིག་ཅིག་རེད།

    འོ་ན། བོད་རིགས་ཀྱི་ན་གཞོན་ཞབས་བྲོ་མཁས་པ་ལྷག་པ་བཀྲ་ཤིས་ཀྱིས་གླུ་གར་གྱི་རྣམ་པའི་ཐོག་ནས་བོད་བྱང་ཐང་གི་རིག་གནས་མཚོན་པའི《བྱང་ཐང》ཞེས་པ་ཡང་སྙིང་གང་འདྲ་ཞིག་ཡོད་དམ་ཞེ་ན། ཁོང་གིས་བརྗོད་པ་ལྟར་གླུ་གར་འདི་བརྒྱུད་སྒྱུ་རྩལ་གསར་གཏོད་པའི“བྱང་ཚྭ་ལེན་པའི་འགྲུལ་བཞུད”གཞན་ཞིག་མཚོན་པར་བྱས་ནས་གནའ་ལམ་རིང་མོ་འདི་དང་སྔ་ས་ནས་མི་རྣམས་ཀྱི་འདྲེན་བྱེད་ལམ་ལས་མཐོང་སར་མེད་པའི་ཚྭ་པ་ཚོར་སེམས་གཏིང་ནས་གུས་འདུད་ཞུ་བར་འོས་པ་དེའོ།

    ཀ  ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་ཞུ།

    བགྲང་བྱ་སྟོང་ཕྲག་དུ་མའི་རིང་། ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་དུ་ཚྭ་པ་ཚོས་བརྒྱུད་མྱོང་བའི་གནའ་ལམ་འདིར་ཚྭ་ལམ་ཞེས་འབོད། སྒྲོ་འདོགས་སྤུ་ཙམ་ཡང་མེད་པར་བརྗོད་ན། གནའ་ལམ་འདི་ནི་བོད་བྱང་ཐང་གི་འབྲོག་པའི་ཚེ་སྲོག་ལམ་བུ་ཡིན་ཞེས་བརྗོད་ཆོག ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་གནའ་ལམ་འདི་བརྒྱུད་མྱོང་བའི་མི་རྣམས་ཀྱིས་རང་བྱུང་ཁམས་དང་མིའི་རིགས་ཀྱི་མཉམ་ཤི་མཉམ་གསོན་གྱི་དཀའ་སྡུག་མཐོང་ཡོང་བ་མ་ཟད། དངོས་སུ་མྱང་མྱོང་ཡང་ཡོད།

    ལྷག་པ་བཀྲ་ཤིས་ཀྱི་གླུ་གར་འཁྲབ་སྟོན་གསར་ཤོས《བྱང་ཐང》ཞེས་པ་འདི་ནི་ཁོང་གིས་རྩྭ་ཐང་གི་རིག་གནས་ལ་འཛིན་པའི་ལྟ་སྟངས་གཙོ་བོར་བྱས་ནས་སྐྱེ་ཁམས་དང་ཚེ་སྲོག་ལ་སླར་ཡང་བསམ་གཞིག་བྱས་པའི་བརྩམས་ཆོས་ཤིག་རེད།

    གླུ་གར་འཁྲབ་སྟོན《བྱང་ཐང》ཞེས་པའི་ནང་། ལྷག་པ་བཀྲ་ཤིས་ཀྱིས་བྱང་ཚྭ་ལེན་པའི་དམངས་སྲོལ་ཆོ་གར་བརྟེན་ནས་ཚྭ་པ་ཚོ་ཚྭ་ལེན་པར་ཐོན་པ་དང་ཚྭ་སྔོག་པ་སོགས་ཀྱི་བརྒྱུད་རིམ་ལས་ཚྭ་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། ཁོང་གིས་གླུ་གར་མཛེས་ཆོས་རིག་པའི་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་དེ་བོད་བྱང་ཐང་གི་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་མཚོན་པར་བྱས་ནས་དཔལ་མགོན་གཞས་ཆེན་གྱི་འགྱུར་ཁུག་དང་ནག་ཆུའི་དམིགས་བསལ་གྱི་མངོན་མིན་རིག་གནས་ཤུལ་བཞག་འཁལ་འཐག་རིག་གནས་སོགས་འཁྲབ་ཚན་ཧྲིལ་པོར་ཁྱབ་པར་བྱས་ཏེ། བོད་བྱང་ཐང་གི་རང་བྱུང་ཁམས་ཀྱི་དམིགས་བསལ་ཁྱད་ཆོས་ལྟད་མོ་བའི་འདྲེན་བྱེད་ལམ་དུ་བཤམས་ནས་ཚེ་སྲོག་གི་ཉམས་པ་མེད་པའི་བློ་སྟོབས་དང་ས་མཐོའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་རང་གཤིས་ཚོར་བར་བྱས་ཡོད།

    དར་རྒྱས་ཆེ་བའི་རྒྱལ་ནང་གི་གྲོང་ཁྱེར་མང་པོ་ཞིག་ནས་སླར་ཡང་གདོད་མའི་ཉམས་འགྱུར་གྱིས་ཕྱུག་པའི་བོད་ཀྱི་གྲོང་གསེབ་ཁག་ཏུ་སྐྱོད་སྐབས། ཧེ་བག་མང་པོ་ཞིག་འཛོལ་བའི་ཚོར་སྣང་བྱུང་ནས་བོད་བྱང་ཐང་གི་འབྲོག་ཁུལ་གྱི་འཚོ་བ་མཚོན་པའི་གླུ་གར་འཁྲབ་སྟོན་ཞིག་རྩོམ་རྒྱུའི་བསམ་ཚུལ་ལྷག་པ་བཀྲ་ཤིས་ཀྱི་ཡིད་ལ་དབང་མེད་དུ་འཁོར།

    2022ལོར་ལྷག་པ་བཀྲ་ཤིས་ཀྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སྒྱུ་རྩལ་སློབ་གྲྭའི་འཁྲབ་ཚན་ཞིག་བརྩམས་ཤིང་། ཁོང་གིས“བརྩམས་ཆོས་འདིར་སློབ་གྲྭས་དགའ་པོ་བྱེད་ཀྱི་འདུག དེས་མ་ཚད་སློབ་གྲྭས་སློབ་ཕྲུག་ཚོར་ལྟ་སྦྱོང་གི་མྱོང་ཚོར་ཟབ་མོ་དང་ཁོར་ཡུག་བཟང་པོ་ཞིག་ཡོང་བའི་ཆེད་དུ་ང་རང་སླར་ཡང་སྐད་བཏང་ནས་བོད་བྱང་ཐང་གི་བརྗོད་གཞིའི་གླུ་གར་ཟློས་གར་ཞིག་འཁྲབ་ཁྲིད་བྱེད་དགོས་པའི་རེ་བ་བཏོན་བྱུང་། དེ་ལྟར་ང་ཚོའི་དབར་ཐོག་མའི་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་ཡིན”ཞེས་བརྗོད།

    “གོ་སྐབས་ཡག་པོ་འདི་འདྲ་རག་དུས་དེར་དམ་འཛིན་བྱས་ནས་ལྟ་ཚོད་བྱེད་དགོས་ལ། ངའི་བསམ་པར་ང་རང་ལམ་འགྲོ་རྒྱུག་སོང་སྙམ་བྱུང་། ཨ་ཅང་ཅང་། མཐའ་མཇུག་གི་འབྲས་བུ་གང་འདྲ་ཞིག་ཡོང་མིན་དེ་གླུ་གར་འཁྲབ་སྟོན་འདི་ལེགས་གྲུབ་ཡོང་མིན་ལ་ཐུག་ཡོད”

    ལྷག་པ་བཀྲ་ཤིས་གཅིག་པུས་གླུ་གར་འཁྲབ་སྟོན《བྱང་ཐང》གི་འཁྲབ་ཁྲིད་དང་། མཐོང་ཚོར་ཇུས་འགོད། རྩོམ་སྒྲིག་བཅས་ལེགས་གྲུབ་བྱས་ཤིང་། ཁོང་གིས“གླུ་གར་འཁྲབ་སྟོན་འདི་ཡང་རང་ཉིད་ཀྱིས་དུས་སྐབས་དེའི་རིང་བོད་བྱང་ཐང་གི་བརྗོད་གཞི་འདིར་བསམ་གཞིག་ཡུན་རིང་བྱས་པ་ཞིག་ཡིན་ལ། གླུ་གར་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སླར་ཡང་མཚོན་པར་བྱས་ཡོད”ཅེས་བརྗོད།

    ཁ  བོད་བྱང་ཐང་གི་མཛེས་སྡུག་ལྷུག་པོར་བརྗོད།

    གླུ་གར་འཁྲབ་སྟོན《བྱང་ཐང》ཞེས་པ་རྩོམ་སྒྲིག་ལམ་ལ་ཞུགས་པའི་ཐོག་མའི་བསམ་འདུན་གང་ཡིན་པའི་སྐོར་གླེང་སྐབས། ལྷག་པ་བཀྲ་ཤིས་ཀྱིས་མནོ་བསམ་ཅུང་ཙམ་བཏང་རྗེས་འདི་ཡང་2015ལོ་ནས་གླེང་དགོས་སོ། སྐབས་དེ་དུས་ངས་ལས་དོན་ཁང་གི་འཁྲབ་ཁྲིད་པ་དང་མཉམ་དུ་བོད་བྱང་ཐང་གི་ཞབས་བྲོ་མང་པོ་ཞིག་བརྩམས་པ་མ་ཟད། དུས་ཚོད་མང་པོ་སྤྱད་དེ་ས་ཡུལ་དངོས་སུ་ཉམས་ལེན་དང་སློབ་སྦྱོང་ལ་བསྐྱོད་པ་ཡིན་ཞེས་བརྗོད།

    ལྷག་པ་བཀྲ་ཤིས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལྗོངས་ནག་ཆུའི་རིག་གནས་དང་ས་ཁོངས་དེའི་དམིགས་བསལ་རང་བཞིན་ནི་ས་ཁོངས་དེར་དབང་བའི་དམིགས་བསལ་གྱི་ཉམས་འགྱུར་དང་ཁེར་རྐྱང་དུ་གནས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་སྤྱི་སྟེགས་ཆེ་གྲས་ཁག་ལ་དོ་ཁུར་བྱེད་སྐབས་བོད་བྱང་ཐང་གི་གླུ་གར་དང་དེ་བཞིན་གྱོན་ཆས་སོགས་ཚང་མ་མཉམ་བསྲེས་ཀྱི་རྣམ་པའི་ཐོག་ནས་བཀོད་ཡོད།

    ལྷག་པ་བཀྲ་ཤིས་ཀྱིས“གླུ་གར་འཁྲབ་སྟོན་འདི་ཁོ་ནར་བརྟེན་ནས་ས་ཆ་ཞིག་ངོ་སྤྲོད་བྱེད་པ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མ་ཡིན། འོན་ཀྱང་ངའི་བསམ་པར་གལ་ཏེ་སྐུ་ཉིད《བྱང་ཐང》གཟིགས་མྱོང་ཡོད་ན། མཛེས་ཤིང་ལྟ་ན་སྡུག་པའི་བོད་བྱང་ཐང་ལ་ལྟ་ཚུལ་འཛིན་སྟངས་གསར་པ་ཞིག་ཡོང་སྲིད། འདི་ནི་ངའི་སེམས་གཏིང་གི་རེ་བ་ཆེ་ཤོས་དེ་ཡིན”ཞེས་བརྗོད།

    དེང་རབས་ཀྱི་གྲགས་ཅན་ཞབས་བྲོ་བ་ཞིག་ཡིན་པའི་ལྷག་པ་བཀྲ་ཤིས་ཀྱིས་ཞབས་བྲོ་ནི་མིའི་རྣམ་འགྱུར་ཕྱིར་མངོན་པའི་སྟངས་སྟབས་ཤིག་ཡིན་ཞིང་། 《བྱང་ཐང》ནང་ནང་དོན་དེ་བས་ཟབ་པའི་ས་གནས་ཀྱི་རིག་གནས་མངོན་མེད་ཀྱང་། ས་ཁོངས་གཅིག་གི་འཛད་མཐའ་མེད་པའི་སྟོབས་ཤུགས་དང་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    《བྱང་ཐང》ནང་ལྷག་པ་བཀྲ་ཤིས་ཀྱིས་ལེའུ་ཁག་གི་རྣམ་པར་བཀྲ་བའི་ངོ་མཚར་མི་འདྲ་བ་ལས་བྱང་ཐང་གི་དམིགས་བསལ་གྱི་ཉམས་འགྱུར་མངོན་པ་དང་བོད་བྱང་ཐང་གི་སྐྱེ་ཁམས་ཀྱི་སྣ་མང་རང་བཞིན་དང་མི་ཆོས་ཀྱི་སྣ་མང་རང་བཞིན་མངོན་པར་བྱས་ཡོད།

    “《བྱང་ཐང》2022ལོའི་ཟླ་བརྒྱད་པའི་ཟླ་སྟོད་ནས་ནང་སྦྱོང་བྱེད་འགོ་ཚུགས་ཡོད། དང་ཐོག་ངས་སློབ་མ་ཚོར་དེའི་སྐོར་ལ་འགྲེལ་བཤད་ཐེངས་མང་བརྒྱབ་པ་ཡིན། ནག་ཆུའི་ཞབས་བྲོའི་ཁྱད་ཆོས་དང་རྒྱུན་ཤེས་གཙོ་བོར་བཞག་པ་ཡིན། རྒྱལ་ནང་གི་ཞབས་བྲོའི་སློབ་ཁྲིད་ཀྱི་གྲུབ་ཆའི་ནང་ནང་དོན་འདིའི་རིགས་མེད་པས། སློབ་མ་ཚོར་བོད་བྱང་ཐང་གི་ཞབས་བྲོའི་སྟངས་སྟབས་དང་ཉམས་འགྱུར་སོ་སོས་ཉམས་ལེན་བྱེད་དགོས་གལ་ཆེ་ཞེས་བརྗོད་ཀྱི་ཡོད”ཅེས་བརྗོད།

    གླུ་གར་འཁྲབ་སྟོན་འདི་ལེགས་གྲུབ་ཡོང་ཆེད། ཝུའུ་ཧན་གྲོང་ཁྱེར་སྒྱུ་རྩལ་སློབ་གྲྭས་མི་རྒྱུ་དངོས་གསུམ་མང་པོ་བཏང་ནས་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་བོད་ལྗོངས་ཞབས་བྲོའི་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ལ་གདན་དྲངས་པ་མ་ཟད། པེ་ཅིང་སྒྱུ་རྩལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ཡང་སྒྱུ་རྩལ་བློ་འདྲི་དང་མཛུབ་ཁྲིད་ལ་གདན་དྲངས་ཡོད། འཁྲབ་སྟོན་པའི་གྲས་སུ་རྒྱལ་ནང་གི་འཐབ་ས་དང་པོའི་སྒྱུ་རྩལ་མཁས་ཅན་ཡང་ཡོད།

    ག  བསམ་པའི་སྟོབས་ཤུགས་ངང་གིས་སྦྱིན།

    དེང་རབས་ཀྱི་ཞབས་བྲོ་བ་ཞིག་ཡིན་པའི་ལྷག་པ་བཀྲ་ཤིས་ཀྱིས“ང་རང་ཚྭ་ལེན་པའི་ལོ་རྒྱུས་ལ་རྒྱུས་མངའ་དེ་ཙམ་མེད། བོད་བྱང་ཐང་གི་སྲོལ་རྒྱུན་གྱི་སྐྱེལ་འདྲེན་བྱ་ཐབས་ཡིན་པའི་ཚྭ་ལེན་པ་དང་དེ་ལས་དར་བའི་ཞིང་འབྲོག་པའི་ཚྭ་ལེན་པ་དང་འབྲུ་རིགས་བརྗེ་བའི་རྣམ་པ་ལོ་རྒྱུས་སུ་གྱུར་པ་ལས་དུས་རབས་ཤིག་འདས་ཟིན་པ་མཚོན་ཐུབ། འོན་ཀྱང་ང་རང་སྒྱུ་རྩལ་གསར་རྩོམ་པ་ཞིག་གི་ངོས་ནས་བོད་བྱང་ཐང་དུ་འབྱོར་དུས་བྱང་ཚྭ་ལེན་པའི་ལོ་རྒྱུས་ཤེས་འདོད་ཀྱི་དམ་བཅར་ནམ་ཡང་འགྱུར་བ་མེད”ཅེས་བརྗོད།

    “ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཡིག་ཚགས་ཁང་དུ་གཏམ་རྒྱུད་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་འདུག དཀའ་ཚེགས་ཆེ་བའི་ཡུལ་འདིར་འོད་སྟོང་འཕྲོ་བའི་རིག་གནས་དར་ཡོད་ལ། ལོ་ངོ་སྟོང་ཕྲག་རིང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡང་བྱས་ཡོད། དེའི་རྐྱེན་པས་རིག་གནས་འདི་མ་ཉམས་གོང་སྤེལ་བཏང་ནས་གར་སྟེགས་སུ་འཁྲབ་སྟོན་བྱས་ཏེ་མི་དེ་བས་མང་བས་བོད་བྱང་ཐང་གི་དམིགས་བསལ་གྱི་མི་ཆོས་རིག་གནས་ལ་རྒྱུས་མངའ་ཡོང་བ་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་ལྷག་པ་བཀྲ་ཤིས་ཀྱིས་བརྗོད།

    ལྷག་པ་བཀྲ་ཤིས་ཀྱིས་སེམས་ནུས་གང་ཡོད་བཏོན་ནས་བོད་བྱང་ཐང་གི་སྐྱས་སྤོས་འབྲོག་པའི་རིག་གནས་གདིང་གཞིར་བྱས་པའི་གླུ་གར་འཁྲབ་སྟོན་འདི་བརྩམས་ཡོད་ནའང་། ཁོང་གིས《བྱང་ཐང》ནང་བོད་བྱང་ཐང་གི་མི་ཆོས་རིག་གནས་ཚང་མ་འདུས་མེད། བརྗོད་འདོད་པ་ཞིག་ནི་ས་ཕྱོགས་འདིར་དད་སེམས་ཀྱི་གུས་འདུད་ཞུ་བ་དེ་ཡིན།

    ལྷག་པ་བཀྲ་ཤིས་ཀྱིས“གླུ་གར་འཁྲབ་སྟོན《བྱང་ཐང》ལ་སེམས་ནུས་ཡོད་ཚད་བཏོན་ཡོད། ཕ་མེས་ཡང་མེས་ཚོའི་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དང་གནམ་མཚོའི་ལེགས་བྱིན་ལ་དྲིན་ཚོར་དང་ཨ་མ་འབྲོག་མའི་ཕྱག་ཟུང་ལས་བསླས་པའི་སྐ་རགས་དང་འདྲ་བར་སྐད་ཆ་ཚིག་རེ་རེ་དང་གླུ་གཞས་ཚིག་རེ་རེ་ཚང་མ་ང་ཚོའི་ཐུན་མོང་གི་དྲན་གསོར་བཀོད་ཡོད”ཅེས་བརྗོད།

    “དེང་དུས་ཀྱི་བོད་བྱང་ཐང་དར་རྒྱས་ཆེ་བ་དང་འདས་ཟིན་པའི་དཀའ་སྡུག་ལ་ཕྱིར་དྲན་བྱས་ནས་ཐོབ་པར་དཀའ་བའི་ད་ཆའི་འཚོ་བར་གཅེས་སྤྲས་བྱེད་དགོས”ཞེས་པ་འདི་ནི་ལྷག་པ་བཀྲ་ཤིས་ཀྱིས་གླུ་གར་འཁྲབ་སྟོན་འདིར་བསྣན་པའི་བསམ་པའི་སྟོབས་ཤུགས་ཤིག་རེད།

    མཇུག་ཏུ་ལྷག་པ་བཀྲ་ཤིས་ཀྱིས“མི་རིགས་གང་འདྲ་ཞིག་ཡིན་རུང་ཚང་མར་སོ་སོའི་ཚབ་བྱེད་ཐབས་བྲལ་བའི་རིག་གནས་ཀྱི་མཚོན་རྟགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ཡོད། བོད་བྱང་ཐང་གི་བྱང་ཚྭ་ལེན་པའི་རིག་གནས་ལའང་དམིགས་བསལ་གྱི་རིག་གནས་ཁྱད་ཆོས་དང་བསམ་པའི་རིན་ཐང་ལྡན་ཡོད། དེང་རབས་འབྲོག་པའི་ངོས་ནས་བརྗོད་ན་ཁོང་ཚོ་ནི་དུས་བསྟུན་མདུན་སྐྱོད་བྱེད་མཁན་ཡིན་ཞིང་། དེང་རབས་ཤེས་དཔལ་དར་བ་དང་བསྟུན་ནས་འབྲོག་ཁུལ་ལ་བྱ་འཕུར་བ་ལྟར་གྱི་འཕོ་འགྱུར་བྱུང་ཡོད་མོད། འོན་ཀྱང་མེས་པོ་ཚོས་ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་གསར་གཏོད་གནང་བའི་རིག་གནས་ཤུལ་བཞག་ང་ཚོས་ནམ་ཡང་འདོར་མི་རུང”ཞེས་བརྗོད།

    ཁོང་གིས“མིག་སྔར་འཕེལ་རྒྱས་དང་ཡར་ཐོན་ནི་ང་ཚོའི་མིའི་རིགས་ཀྱི་ཐུན་མོང་གི་བརྗོད་གཞི་ཞིག་རེད། བྱང་ཚྭ་ལེན་མཁན་གྱི་དཀའ་ཉེན་ལ་མི་སྐྲག་པར་རང་བྱུང་ཁམས་དང་ཚེ་སྲོག་གོང་དུ་བཀུར་བའི་སྙིང་སྟོབས་ད་ཆའི་རྙོག་འཛིང་ཆེ་བའི་དུས་རབས་འདིར་ཕྱོགས་གཞན་ཞིག་ནས་བརྗོད་ན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ་ཞིག་ཡིན་པ་འདི་ནི་བོད་བྱང་ཐང་གི་སྐྱས་སྤོས་རིག་གནས་ཁྲོད་དར་སྤེལ་གཏོང་བཞིན་པའི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་ཞིག་ཡིན་པ་འདི་རང་རེའི་རྒྱལ་ཁབ་ཀྱིས་དར་སྤེལ་གཏོང་བཞིན་པའི‘རི་བོ་གཉིས’ཀྱི་འདུ་ཤེས་དང་གཅིག་རམ་གཅིག་འདེཌ་སུ་གྱུར་ཡོད”ཅེས་བརྗོད།

    (བཀྲ་ཤིས་ཚེ་དབང་གིས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།