དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལྷ་མོ།
  • རིག་རྩལ་འཁྲབ་སྟོན་འཁྲུག་ཆ་དོད། བསམ་པའི་འཚོ་བ་ཕུན་སུམ་ཚོགས།

    —— ནོར་སྟོད་སྡེ་ཁུལ་གྱིས“གྲོང་ཚོར་ལྷ་མོ་འཁྲབ་པའི་རིག་རྩལ”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    ཉེ་ཆར། ནོར་སྟོད་སྡེ་ཁུལ་གྱིས་ཞོལ་ལྷ་མོའི་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་ནོར་སྟོད་ཁང་བཟང་ཁུལ་ཆུང་དུ“གྲོང་ཚོར་ལྷ་མོ་འཁྲབ་པའི་རིག་རྩལ”བྱེད་སྒོ་སྤེལ་བ་རེད། རྣ་བར་འཇེབས་པའི་རོལ་མོའི་འགྱུར་ཁུག་གྲགས་པ་དང་བསྟུན་ནས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། གྲོང་མི་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འདུས། སྲོལ་རྒྱུན་གྱི་སྟོད་གཞས《དཔལ་འབྱོར་དང་སྒྲོལ་མ》དང་། འཁྲུག་ཆ་དོད་པའི་ཞབས་བྲོ《གམ་པ་ལ་མོ》 གཏམ་བརྗོད་ཐུང་གྲས《ལས་གཏོད》བཅས་དང་། དེ་བཞིན་ནོར་སྟོད་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་སྒོར་གཞས《ཏང་ལ་ཕུལ་བའི་གླུ་དབྱངས》སོགས་ཀྱི་ལེ་ཚན་ལ་གར་སྟེགས་འོག་གི་ལྟད་མོ་བ་ཚོས་དགའ་བསུ་ཞུ་བཞིན་དགའ་འབོད་ཆེན་པོ་བྱེད་པ་དང་། ཡང་སྐབས་རེ་འཁྲབ་སྟོན་པའི་མི་སེམས་འགུལ་བའི་འཁྲབ་རྩལ་ཁྲོད་དབྱིངས་ཞུགས་ནས་དམིགས་པ་རྩེ་གཅིག་གིས་ལྟད་མོ་ལྟ་བཞིན་མཆིས།

    “ཁྱིམ་གྱི་སྒོ་རྩ་ནས་ལྟད་མོ་ཆེན་པོ་འདི་འདྲར་ལྟ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ལྷག་པར་དུ་སྲོལ་རྒྱུན་གྱི་སྟོད་གཞས་ཀྱིས་ང་ཚོ་རྒན་རྒོན་ཚོའི་བློ་ཡིད་རྦད་དེ་ཚིམ་སོང་། སླད་ཕྱིན་སྡེ་ཁུལ་གྱིས་འདི་ལྟ་བུའི་འཁྲབ་སྟོན་བྱེད་སྒོ་མང་ཙམ་སྤེལ་བའི་རེ་བ་ཡོད”ཅེས་ཁང་བཟང་ཁུལ་ཆུང་གི་གྲོང་མི་མཚོ་མོས་བརྗོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་སྤྱི་པའི་རིག་གནས་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བར། 2020ལོར་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱབ་སྟེ། “གྲོང་ཚོ་ཚང་མ་ནས་རོལ་ཆ་དང་གླུ་གར་གྱི་སྒྲ་ཐོས་པ”ལས་ད་ལྟའི་ལྷ་སའི་གཞི་རིམ་གྱི་རིག་རྩལ་དར་རྒྱས་ཀྱི་རྣམ་པ་མཚོན་གྱི་ཡོད།

    “‘གྲོང་ཚོར་ལྷ་མོ་འཁྲབ་པའི་རིག་རྩལ་བྱེད་སྒོས’མི་སེར་གྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཕུལ་བྱུང་རིག་གནས་མང་ཚོགས་ཀྱི་སྒོ་རྩར་འཁྲབ་སྟོན་བྱས་ནས་ཚང་མར་དགའ་སྤྲོའི་དགོད་སྒྲ་སྦྱིན་པ་དང་ཆབས་ཅིག གནའ་བོའི་ལྷ་མོའི་སྒྱུ་རྩལ་ལ་སྐྱེ་སྟོབས་གསར་པ་ཞིག་ཀྱང་འཕེལ་བར་བྱས་ཡོད”ཅེས་སྡེ་ཁུལ་གྱི་ལས་དོན་པ་ཉི་དཔལ་གྱིས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་འཕེལ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ། “རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ”འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་དང་། སྤྱི་པའི་རིག་གནས་དར་སྤེལ་ལ་སྐུལ་འདེད། རིག་གནས་བྱ་གཞག་དར་རྒྱས་གཏོང་བ། རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ལོ་ངོ་སྟོང་གི་རིག་གནས་ཀྱི་གནའ་གྲོང་ལྷ་སས་རྣམ་པ་གསར་རྐྱང་གི་ཐོག་ནས་རིག་གནས་ཀྱི་བཀྲག་མདངས་གང་སར་འཚེར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།