དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་ལྡན་ལྷུན་གྲུབ།   |     སྤེལ་དུས།  2024-04-21

    དཔེ་དེབ་ནི་མཁས་པའི་རྣམ་ཤེས་གསོན་པོ་ཞིག་ཡིན་ཞིང་། གང་ཞིག་དཔེ་དེབ་ཀློག་པར་སྤྲོ་བ་ནི་མཁས་པ་དང་འགྲོགས་པ་ཡིན་ཞེས་པ་ལྟར། སྐྱེ་བོ་སུ་དང་གང་ཞིག་དཔེ་ཆ་ཀློག་པར་སྤྲོ་ཞིང་། དཔེ་ཀློག་གི་ཁྲོད་ནས་སྣ་མང་ཤེས་བྱའི་ལོངས་སྤྱོད་ལ་རོལ་བ་ནི་ཤེས་རིག་གི་དེད་དཔོན་གང་ཞིག་དང་མཉམ་དུ་མི་ཚེའི་གཏན་ཚིགས་སམ། འཚོ་བའི་མྱོང་བ། རིགས་ལམ་གྱི་ཐབས་ཤེས་སོགས་ལ་བགྲོ་གླེང་བྱེད་པ་དང་ཀུན་ནས་མཚུངས།

    ནམ་རྒྱུན་ལས་ཀའི་ཞོར་དང་སློབ་གསེང་གི་ཁོམ་སྐབས། ངལ་གསོའི་དུས་སུ་རང་གིས་རང་ལ་དུས་ཚོད་ཕྲན་བུ་རེ་བཙལ་ཏེ་རང་གི་ཡོན་ཚད་མཐོར་འདེགས་དང་བློ་སྐྱེད་ནུས་པའི་དཔེ་དེབ་ཅིག་དམིགས་སུ་བཟུང་ནས་ལྟ་ཀློག

    ་བྱས་ན། རིག་པ་འཁྱག་གིས་མ་བསྡམས་པར། འཆད་རྩོད་རྩོམ་གང་ལའང་རིག་པའི་ཀློང་བརྡོལ་ཏེ་མཁས་པའི་དབུས་སུ་ཉི་མ་བཞིན་ལྷམ་མེར་བཀྲ་བ་ཞིག་དང་། ཟླ་བ་བཞིན་དུ་གསལ་ལེར་མངོན་པ་ཞིག་ཡོང་རྒྱུ་སྨོས་ཅི་དགོས།

    དེ་ཡང་འཆད་རྩོད་རྩོམ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་ཡིན་ལགས་ན། ཀུན་གྱིས་དཔེ་ཀློག་གི་བགྱི་བར་གཞོལ་ནས་འཆད་རྩོད་རྩོ

    མ་གསུམ་ལ་སྨན་པའི་ཤེས་བྱའི་རྒྱགས་ཕྱེ་གསོག་དགོས།

    ཧྥ་རན་སེ་བསམ་བློ་བ་ཧྥུའར་ཐའེ་ཡིས། “དཔེ་དེབ་ཀློག་པ་ནི་ཆེས་གསལ

    ་བའི་སྒྲོན་མེ་ཞིག་དང་མཚུངས་པ་སྟེ། དེས་ཁྱེད་ཀྱི་མི་ཚེའི་ལམ་བུར་འོད་སྣང་སྦྱིན་པ་ཡིན”ཞེས་གསུངས་པ་ལྟར། སུ་ཞིག་དཔེ་ཀློག་གི་བགྱི་བར་འཇུག་པ་ན། དེ་ལས་ཐོབ་པའི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་རང་གི་མི་ཚེའི་འགྲོ་འདུག་གི་གསལ་ཁ་དང་། འཚོ་བའི་བདེན་རྫུན་གྱི་དབྱེ་འབྱེད། ལེགས་ཉེས་གསལ་འགྲིབ་ཀྱི་བརྡར་ཤ་སོགས་ཆོད་པར་གྱུར་ཏེ། རང་ཉིད་ཀྱི་མི་ཚེའི་ལམ་བུ་དེ་སྣ་མང་ཤེས་བྱའི་སྒྲོན་འོད་ཀྱིས་བཀྲ་བར་བྱེད་པ་དང་། བདེ་སྡུག་གི་གནས་མལ་གང་ཞིག་ཏུ་ཡང་ཡིད་ཚིམ་པའི་བློ་སྐྱེད་ཅིག་འབྱུང་ངེས་ལ། ཕུགས་བསམ་མངོན་འགྱུར་གྱི་ལམ་བུའང་དེ་བས་ཡངས་ཤིང་བདེ་བ་ཞིག་ཡོང་རྒྱུ་གོར་མ་ཆག

    གནའ་

    ནས་ད་བར་བྱོན་དང་འབྱོན་བཞིན་པའི་སྒྱུ་རྩལ་པ་དང་བསམ་བློ་བ། རྩོམ་པ་པོ། ཚན་རིག་མཁས་པ་སུ་ཞིག་ཡིན་རུང་། དཔེ་ཀློག་གི་བྱ་བ་དོར་ཏེ་མཁས་པའི་ཡང་རྩེར་སོན་པ་ཞིག་བྱུང་མ་མྱོང་ལ། ཕྱིས་འབྱུང་ཡང་འབྱུང་མི་སྲིད་དོ། དེ་ལ་ས་པཎ་མཆོག་གིས། མཁས་གང་ཤེས་བྱ་དེ་ཁོ་ན། །ཇི་བཞིན་རྟོགས་པར་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པར་འདོད། །ཅེས་གསུངས་པ་ལྟར། དཔེ་དེབ་ལ་འཛིན་པའི་བློ་མིག་དྲང་ཞིང་ཤེས་བྱའི་གནས་ཀུན་ལ་སྦྱོང་བའི་དད་བརྩོན་གྱིས་ཕྱུག་པ། བླང་དོར་གནས་ལུགས་འབྱེད་པའི་དཔྱོད་ཤེས་མངའ་བ། སྐབས་དང་སྐབས་ཀྱི་ཆགས་སྡང་གི་ཞེན་པར་མི་འཁྲུལ་བའི་སྟོབས་དང་ལྡན་པ་སོགས་དད་བརྩོན་དྲན་ཤེས་བརྟན་པོས་དཔེ་ཀློག་གི་བགྱི་བར་འཇུག་ན། “མཁས”ཞེས་པའི་ཐ་སྙད་འདི་ཁྱོད་ཀྱི་དཔལ་དང་རྒྱན། མི་ཚེའི་རྒྱབ་རྟེན་དུ་འགྱུར་བར་ཐེ་ཚོམ་ཅི།

    ཕྱོགས་གཞན་ཞིག་ནས་བཤད་ན། དཔེ་དེབ་ཀློག་དོན་ནི་རང་སེམས་ཞི་དུལ་དུ་གཏོང་ཕྱིར་ཡིན་ལ

    ། རང་བློ་རང་གཅུན་བྱེད་ཐབས་ཤིག་ཀྱང་ཡིན་པས། ང་ཚོས་དཔེ་དེབ་ཀློག་པ་དེ་དད་མོས་ཤིག་དང་། དཔེ་ཀློག་ནི་འཕེལ་རྒྱས་ཀྱི་རྩ་བ་དང་འཆམ་མཐུན་གྱི་རྨང་རྡོ། དཔལ་ཡོན་གྱི་འབྱུང་ཁུངས། མདུན་སྐྱོད་ཀྱི་དུང་བརྡ། དཔྱོད་ཤེས་ཀྱི་བདུད་རྩི་ཞིག་ཏུ་བརྩིས་ཏེ། ཚད་ཡོད་ཀྱི་མི་ཚེའི་ནང་དཔེ་དེབ་གང་མང་གང་ལེགས་བཀླགས་ནས། “རིག་པ་ནངས་པར་འཆི་ཡང་སློབ”པའི་སྙིང་སྟོབས་རྒྱུན་འཛིན་གྱིས་ནམ་ནམ་ཞར་ཞར་དུ་རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་འབད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།