དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ཚོ་དྲུག་རྟ་རྒྱུག་དུས་ཆེན་ལས། དམངས་འཚོའི་འཕོ་འགྱུར་ཆེན་པོ་མངོན།

    —— རྫ་ཡུལ་རྫོང་ཚོ་དྲུག་རྟ་རྒྱུག་དུས་ཆེན་གྱི་བརྒྱུད་རིམ་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་དབང་ཕྱུག   |     སྤེལ་དུས།  2024-04-20

    རྫ་ཡུལ་རྫོང་ཚོ་དྲུག་རའུ་ཤོད་གྲོང་ཚོའི་བྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་རུ་ཁག

    བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ཡུལ་ཤང་གི་ཚོ་དྲུག་རྟ་རྒྱུག་དུས་ཆེན་ནི་ལོ་ལྟར་གྱི་བོད་ཟླ་བཞི་པའི་ཚེས་ཤར་ལ་འགོ་ཚུགས་ཀྱི་ཡོད། རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔར་ནས་ད་བར་རྟ་རྒྱུག་དུས་ཆེན་ལ་མཐོང་ཆེན་བྱེད་པ་མ་ཟད། ལྷག་པར་དུ་རྫོང་རིག་གནས་ཅུས་དང་མགོ་ཡུལ་ཤང་གིས་ལོ་རེ་ལས་མ་འདས་པར་མི་རྒྱུ་དངོས་གསུམ་གྱི་རྒྱབ་སྐྱོར་དང་ཞིབ་ཕྲའི་བཀོད་སྒྲིག་བྱས་ནས་ལོ་མང་སོང་བས། ད་ལྟ་ཚོ་དྲུག་རྟ་རྒྱུག་དུས་ཆེན་ལ་གོང་རིམ་འགོ་ཁྲིད་དང་མང་ཚོགས་ཀྱི་གདེང་འཇོག་དང་དགའ་བསུ་ཚད་མེད་ཐོབ་ཡོད།

    ཚོ་དྲུག་རྟ་རྒྱུག་དུས་ཆེན་ལ་རྟ་རྒྱུག་དུས་ཆེན་ཞེས་མིང་དུ་འབོད་ཀྱང་དོན་དུ་རྟ་རྒྱུག་པའི་དུས་ཆེན་གཅིག་པུ་མིན་པར་དུས་ཚོད་དེར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་རའུ་ཤོད་ཀྱི་བྲོ་འཁྲབ་སྲོལ་ཡོད། ལོ་གཅིག་དུས་གཅིག་གི་ལྟད་མོ་ཆེ་ཤོས་དང་། ཕུན་སུམ་ཚོགས་ཤོས། མི་ཚོགས་མང་ཤོས་ཡིན་པའི་ཚོ་དྲུག་རྟ་རྒྱུག་དུས་ཆེན་རིང་། རྫ་ཡུལ་རྫོང་ཁོངས་གཏོགས་ཀྱི་ཤང་ཚང་མ་དང་དེ་བཞིན་སྤོ་བོ་རྫོང་དང་། དཔའ་ཤོད་རྫོང་། མཛོ་སྒང་རྫོང་། ཉིང་ཁྲི་གྲོང་ཁྱེར་སོགས་ནས་ལྟད་མོ་བ་མང་པོ་ཡོང་གི་ཡོད། ཚོ་དྲུག་རྟ་རྒྱུག་དུས་ཆེན་གྱི་ཤོད་རྒྱུན་སྐོར་ལ་ཁ་རྒྱུན་དུ། ཚོ་དྲུག་རྟ་རྒྱུག་ལ་འགྲོ། སྤུན་མཆེད་ལྷན་དུ་འཛོམས། སྐྱིད་པའི་བྲོ་ཆེན་རྡུང་། དགའ་བའི་ཞབས་བྲོ་འཁྲབ་ཅེས་འཇགས་ཤིང་། དུས་ད་ལྟའང་ས་ཕྱོགས་གང་སར་ཚོ་དྲུག་རྟ་རྒྱུག་དུས་ཆེན་གྱི་སྙན་གྲགས་ཆེན་པོ་ཡོད། མ་གཞི་རིག་གནས་གསར་བརྗེའི་དུས་སུ་ཚོ་དྲུག་རྟ་རྒྱུག་དུས་ཆེན་ལ་བར་ཆད་ཕྲན་བུ་ཕྲད་ཡོད་མོད། སྲོལ་དེ་རིམ་པས་བརྒྱུད་དེ་ད་ལྟའི་བར་དུ་རྒྱུན་བསྐྱངས་དང་སྐྱོང་མུས་ཡིན། འོན་ཏེ། རྟ་རྒྱུག་སྐབས་སུ་མི་གྲངས་དང་། ལྟད་མོ་བའི་རྒྱན་གོས། རྟའི་རྒྱན་ཆ་སོགས་གང་ལ་བལྟས་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་དང་བསྡུར་ན། མི་གྲངས་ཆིག་སྟོང་ཙམ་ནས་མི་གྲངས་ཁྲི་ཁ་ཤས་བར་མང་དུ་ཕྱིན་ཡོད་པ་མིག་ལྡན་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་ནི་ཚོ་དྲུག་རྟ་རྒྱུག་དུས་ཆེན་འཕེལ་རྒྱས་བྱུང་བའི་རྟགས་མཚན་ཞིག་མ་ལགས་སམ། ད་ལྟའི་ཆར། ཕྱོགས་བཞིའི་ལྟད་མོ་བ་སྒེར་འཁོར་བཏང་ནས་ཡོང་བའི་ཚུལ་ནི་གཡང་དཀར་ལུག་ཁྱུ་ས་ལ་བཀྲམ་པ་དང་མཚུངས་ཤིང་། དེ་གའི་ཡུལ་མིས་ཉིན་ཤས་གོང་ནས་ནང་མི་དང་དགའ་ཉེ་སྤུན་མཆེད་མགྲོན་འབོད་བྱ་ཡུལ་རང་སོ་སོའི་འཁོས་དཔག་དང་བསྟུན་ནས་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་ཆེ་ཆུང་འདྲ་མིན་སྣ་ཚོགས་དང་བཟོ་ལྟ་མི་འདྲ་ཞིང་། རིན་ཐང་སྒོར་སྟོང་དང་ཁྲི་ལོན་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་། རྒྱ་ནག་ལྕགས་རི། འདོད་ཡོན་སྣ་ལྔ། བཀྲ་ཤིས་རྫས་བརྒྱད་། ཚེ་རིང་རྣམ་དྲུག་གི་རི་མོ་སོགས་ལས་གྲུབ་པའི་སྦྲ་གུར་གྱི་ཚོས་གཞི་མི་འདྲ་བ་མང་པོ་རྟ་རྒྱུག་ཐང་ཆེན་གྱི་གཞོགས་གཡས་གཡོན་གང་སར་ཁེངས་པ་རྒྱུས་མངའ་མེད་མཁན་གྱིས་བལྟས་ན་མཚན་མོའི་གློག་འོད་ཀྱི་ཚོན་མདོག་རྣམ་པར་བཀྲ་བའི་གྲོང་ཁྱེར་གསར་རྐྱང་ཞིག་ཆགས་པའི་སྣང་བ་ཡང་ཡོང་སྲིད།

    ⒈རྟ་རྒྱུག་གི་ཉིན་དང་པོའི་བྱེད་སྒོའི་སྐོར།

    ཚོ་དྲུག་རྟ་རྒྱུག་གི་ཉིན་དང་པོའི་གོ་རིམ་ནི་ཐོག་མར་ཞོགས་པ་སྐྱ་རེངས་ཤར་བ་དང་དུས་མཉམ་དུ་རྟ་སྒ་བསྒྲོན་ཞིང་ཀོ་དམར་གྱི་རྨེ་གདན་ལ་ཏུང་ཚག་ལས་གྲུབ་པའི་རྨེད་ཐག་དང་སྡེ་དགེ་དཀྲོལ་མའི་རྨེད་ཐག་གང་ཡང་རུང་བ་བསྐོན་པ། གདན་ཀོ་དམར་དང་འགོ་སྣམ་སྟེང་སྡེ་དགེ་དཀྲོལ་མའི་ཟུར་གསུམ་པའི་གོང་ཐག་དང་། ཏུང་གིས་ཤན་པའི་སྲབ་དང་མཐུར་འགོ་བསྐོན་པ། རྟའི་སྐེ་ལ་རྡུང་དྲིལ་དང་། ཡང་ན་དེ་མིན་དྲིལ་བུ། དོམ་དོམ་སོགས་ཀྱི་རྒྱན་ཆས་མཛེས་པར་སྤུད་པ། རྒྱ་རོང་དང་། ཟི་རོང་། བལ་རོང་། གཙང་རོང་། གངས་རོང་སོགས་ཀྱི་སྒ་སྟན་ལེགས་པར་བརྒྱན་པ། ཆིབས་སྒའི་རྒྱུ་ཆ་ནི་ཡུལ་གཞན་ལ་དཀོན་པའི་རྫ་ཡུལ་རྫོང་དུ་ལག་ཁྲའི་ཤིང་དང་གར་དམར་ཤིང་སོགས་ལས་གྲུབ་ཅིང་། སྔ་མོའི་དུས་སུ་བོད་ཀྱི་རྟ་སྒའི་ཐོན་ཁུངས་གཙོ་བོ་ནི་ད་ཆའི་མིང་དུ་རྫ་ཡུལ་རྫོང་དང་སྔ་མིང་དུ་གསང་སྔགས་ཆོས་རྫོང་གི་གྲགས་པ་དེ་ནས་ཐོན་གྱི་ཡོད། རྒན་རབས་མྱོང་བ་ཅན་གྱི་ཁ་རྒྱུན་དུ་གསང་སྔགས་ཆོས་རྫོང་དུ་ཐོན་པའི་སྒའི་རྒྱུ་ཆ་ནི་མཁྲེགས་ཤིང་མཉེན་ལ། རང་བཞིན་འོད་མདངས་ཀྱི་རི་མོ་ཡོད་པའི་ཁར། བཟོ་རྩལ་ལའང་ལུང་པ་གཞན་ན་མེད་པའི་ལེགས་ཆ་ལྡན་པས་ཁལ་མར་བདེ་པོ་ཡོད་པ་ས་ཕྱོགས་གང་སའི་རྟ་དྲེལ་ལ་གཡོག་རྒྱུག་མཁན་མང་ཆེ་བས་ཤེས་ཀྱི་ཡོད། རྟ་སྒའི་གཡས་གཡོན་གྱི་ཡོབ་ལུང་ཀོ་དམར་ལས་སོག་ཡོབ་དང་། རྒྱ་ཡོབ་གཟེབ་གཉིས་མ། གླ་ཡོབ་སོགས་གང་ཡང་རུང་བ་ཞིག་ལེགས་པར་བསྒར་བ་དང་། གདན་ཀོ་དམར་སྟེང་ལི་ལས་གྲུབ་པའི་རྟའི་སྐེ་རྒྱན་བཅུ་དྲུག་ཅན་གྱི་ལིང་ཤང་འདོགས་པ། རྟའི་རྔ་མ་དང་ཟེ་མར་དར་ཚོན་སྣ་ལྔ་མཉམ་དུ་བསླས་པའི་རྒྱན་ཆ་དེ་ལས་ལྟ་ན་སྡུག་པའི་མིག་ཡིད་རབ་ཏུ་འཕྲོག་ཐུབ་པ་དང་། རྟ་པའི་མགོ་ལ་སོག་ཞྭ་དང་། ལུས་ལ་སྤུ་ཕྲུག་དང་། ཤད་མ། ཐེར་མ་སོགས་གང་ཡང་རུང་གི་སྤུས་ལེགས་ཕྱུ་པ་དང་། རྒྱ་གར་གྱི་འབུ་རས་སྟོད་ཐུང་དང་གོས་ཐུང་གྱོན་ཞིང་སྟོད་ཐུང་སྒང་ལའང་ནོར་བུ་སུམ་བརྩེགས་དང་། པདྨ་མཆོད་རྟེན། ཐིའུ་སྨུག་སོགས་ཀྱི་གོས་ཆེན་ཕུ་མེད་ཅིག་གྱོན། རྐང་པར་ཤུར་རྩི་རྒྱ་ལྷམ་ཡུ་རིང་ཞིག་གི་སྒང་ལ་ལྷམ་སྒྲོག་ག་ཟལ་སྒོར་སྒོར་བཅིངས། ཆ་རྐྱེན་ཡོད་མཁན་གྱིས་སྐེ་ལ་གཟི་དང་། བྱུ་རུ། གཡུ་སོགས་སྤེལ་མར་འདོགས་ཤིང་། དེ་མིན་ད་དུང་ཁོག་སྟོད་ཀྱི་འཕྲེད་དུ་དངུལ་གྱི་གའུ་ཟུར་བཞི་མ་དང་། ཟུར་བརྒྱད་མ། རྒྱུ་དངུལ་ལ་གསེར་ཚག་གི་ཕྲ་ཚོམ་དང་གཡུ་ཡི་ཕྲ་རྒྱན་བཏབ་པའི་གའུ་སོགས་འདོགས་སྲོལ་མཆིས། རྐེད་པའི་རྒྱ་ཁྲ་སྐ་རགས་ལས་དངུལ་གྲི་ཆུང་ངུ་ཞིག་དང་སྦ་དཀར་རྟ་ལྕག་ཚིགས་གསུམ་མ་ཞིག་འདོགས་ཀྱི་ཡོད་པ་མ་ཟད། ད་དུང་རྐེད་པར་དངུལ་གྱི་འབའ་ཁུག་གཅིག་དང་རྐེད་པའི་གཡས་ངོས་སུ་མེ་ཆ་ཞིག་ཀྱང་འདོགས་སྲོལ་ཡོད་པ་ནི་རང་སོ་སོའི་སོར་མོའི་འདུ་བྱེད་ལས་གྲུབ་པ་ཡིན་པས། བདག་པོའི་བློ་གྲོས་དང་མཛེས་རིག་མཚོན་པའི་སྒྱུ་རྩལ་གྱི་དངོས་པོ་ཞིག་ཀྱང་ཡིན། མདོར་ན་དེ་ཉིན་ལྟད་མོ་བ་ཚང་མས་རང་ལ་ཡོད་པའི་གཟབ་མཆོར་གང་ཡོད་ལུས་ལ་སྤྲས་ཏེ། གྲོང་ཚོ་སོ་སོ་གནས་སའི་འགྲམ་དུ་རྟ་རྒྱུག་གི་བང་རྩལ་དང་འགྲོས་རྩལ་གྱི་འགྲན་བསྡུར་ལ་ཞུགས་མཁན་དང་མ་ཞུགས་མཁན་ཡོད་དོ་ཅོག་དེ་གར་འཛོམ་གྱིན་ཡོད།

    རྟ་པ་རྣམས་དེ་ནས་རང་སོ་སོའི་རྟར་བཞོན་ནས་གཡུང་གླིང་ཞབས་རྟ་རྒྱུག་ཐང་དུ་ཡུལ་སྟོད་ནས་མར་ཡོང་བ་དང་ཡུལ་སྨད་ནས་ཡར་ཕྱིན་ཏེ་ཚོ་དྲུག་ལུང་པ་ཡོངས་ཀྱི་རྟ་པ་ཕལ་མོ་ཆེ་དེ་གར་འཛོམས་ནས་རྟའི་རྒྱན་ཆ་དང་། མང་ཚོཌ་ཀྱི་རྒྱན་གོས། ལྟད་མོ་བའི་གཟབ་སྤྲོས་བཅས་ནི་ཐག་རིང་ནས་བལྟས་ཚེ་རྟ་རྒྱུག་ཐང་དེ་ཉིད་ཚོན་མདོག་སྣ་ལྔ་ལས་གྲུབ་པའི་མེ་ཏོག་གི་ལྡུམ་ར་ཆེན་པོ་ཞིག་དང་གཉིས་སུ་མེད་པར་སྣང་། དེ་ནས་མང་ཚོཌ་རྣམས་རང་སོ་སོའི་རྟའི་ཐུར་མདའ་བཟུང་ནས་གྲལ་སྟར་འགྲིག་པོས་ལངས་ཏེ་སྔ་མོའི་ལུགས་སྲོལ་ལྟར་ཡིག་མཁན་ཀློག་བཟང་བ་ཞིག་གིས་སྒྲ་དག་ཅིང་སྐད་གསང་མཐོན་པོའི་ངང་མིང་ཐོ་བཀླཌ་ནས་རྟ་པ་དང་དེ་གའི་ཡུལ་མི་དང་ད་དུང་དེ་མིན་ཕྱོཌ་གང་ས་ནས་ཡོང་བའི་ལྟད་མོ་བ་ཚང་མས་མིང་ཐོ་ཉན་སྲོལ་ཡོད།

    དེ་ཡང་། དེ་རིང་གྱི་ལིང་རྟ་རྒྱུག་གི་ཉིན་མོར་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་དང་། ལ་རྒྱ་ཅན་གྱི་གྲོགས་པོ་གྲོགས་མོ། ཤ་རུས་འདྲེས་པའི་གཉེན་ཉེ་དུ། ཡུལ་ལུང་གཅིག་པ། ལྷག་དོན་དུ་ཚོ་དྲུག་གི་རྟ་རྒྱུག་ལ་མཐོང་ཆེན་བྱེད་མཁན་གྱི་འབྲེལ་ཡོད་གོང་རིམ་དབུ་ཁྲིད་མི་ཉུང་བ་ཞིག་སླེབས་ཡོད། ཚོ་དྲུག་ལུང་པར་ཤོད་སྲོལ་འདི་འདྲ་ཞིག་ཡོད་དེ། ཚོ་དྲུག་ལྷ་སྡེ་དཀར་པོར། །སྙིང་རྗེའི་རང་གཟུགས་དཀར་པོ། །རྟ་དཀར་འཚེར་སྐད་ལྷང་ལྷང་། །དཀར་ཆུ་འབེལ་བའི་ལུང་པ། །མི་རྒྱུད་སེམས་པ་དཀར་བ། །ཚོ་དྲུག་འབྲུ་དྲུག་སྨིན་ས། །འབྲུ་རིགས་སྨིན་སྟངས་མཚར་བ། །ཚོ་དྲུག་སྐར་མ་སྨིན་དྲུག །ནམ་མཁའི་དབྱིངས་ནས་འཕྲོས་འདྲ། །ཚོ་དྲུག་སྟག་མོ་འཛོམས་དྲུག ། སྟག་མོ་ཐང་ལ་འགྱིང་འདྲ། །ཚོ་དྲུག་སྡེ་དྲུག་ལུང་པར། །སྡེ་དྲུག་སྐར་ཚོགས་བཀྲ་བ། །ཕུ་དྲུག་མདའ་དྲུག་སྐྱིད་པ། །མདའ་ནས་ལྕགས་རིས་བསྐོར་འདྲ། ཕུ་ནས་ལྕགས་སྒོ་བསླངས་འདྲ་སོགས་ཀྱི་བཤད་སྲོལ་ཡོད།

    རྟ་དཀར་བཞོན་མཁན་ཞིག་བསྐྱོད་རྗེས་དེ་ནས་རིམ་པས་རྟ་པ་རྣམས་སོ་སོའི་རྟར་བཞོན་ནས་དེ་གར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་དང་། ཡུལ་དེ་གའི་འབྲེལ་ཡོད་དབུ་ཁྲིད། ལྟད་མོ་བ་བཅས་ལ་རྟ་རྒྱུག་མཁན་རྣམས་ཀྱིས་རྟ་རྒྱུག་གིན་དུ་གུས་ཞབས་མཚོན་ཕྱིར་མགོ་ལ་གྱོན་པའི་སོག་ཞྭ་ག་ལེར་ཕུད་དེ་རྟ་ཐོག་ནས་ལག་གཉིས་ཀྱིས་སོག་ཞྭ་བཟུང་ནས་དེ་གར་ཕེབས་པའི་མི་སྣ་གྲགས་ཅན་རྣམས་ལ་ཕྱག་འབུལ་དང་། དེ་ནས་དེ་གར་ཕེབས་པའི་དབུ་ཁྲིད་རྣམས་དང་ལྟད་མོ་བ་ཚང་མར་གུས་འདུད་ཡང་ཡང་ཞུ་སྲོལ་ཡོད། རྟ་རྒྱུག་ཐེངས་གཉིས་པ་དང་གསུམ་པར་རྟའི་སྒ་སྟན་སྟབས་བདེ་ཞིང་ཡང་བ་ཞིག་བརྒྱབ་ནས་རྟ་པ་རྣམས་ཀྱིས་ཀྱང་སོག་ཞྭ་མ་གྱོན་པར་གྱོན་ཆས་སྟབས་བདེ་ཞིག་གྱོན་ཏེ་རྟ་ཐོག་ནས་སྐྱ་ཉལ་དང་། ཡོ་བབས། གནམ་ལངས་སོགས་སོ་སོའི་འཇོན་ཐང་ཆེ་ཆུང་ལ་བརྟེན་ནས་རྟ་རྩལ་ལམ་སྐྱ་རྩལ་ངོམ་གྱི་ཡོད་པ་དང་། རྟ་རྩལ་ཡོད་མཁན་ཁག་གཅིག་གིས་གྱི་ལིང་རྟ་མཆོག་གི་བང་ཁ་ངོམ་གྱིན་དུ་སོག་ཞྭ་དེ་རྟའི་སྐེ་འོག་ནས་ལེན་པ་དེ་ལ་རྟའི་གདོང་ཁ་ནས་ཞྭ་མོ་ལེན་ཞེས་ཟེར་གྱི་ཡོད། གང་ལྟར་སྔ་དྲོར་ཁྱོན་ཡར་མར་ཐེངས་གསུམ་བརྒྱུགས་ནས་དེའི་མཚམས་སུ་ཉིན་དགུང་ཟ་མར་རོལ་གྱི་ཡོད། དེ་རྗེས་ཆུ་ཚོད་གཉིས་ཙམ་གྱི་མཚམས་སུ་སྐྱ་པ་རྣམས་རིམ་བཞིན་འཛོམས་ཏེ་གོང་ལྟར་གནམ་ལངས་སོགས་རྟ་རྩལ་ངོམ་ཞོར་དུ་དང་པོ་ཐེངས་གཅིག་རྒྱུག་གི་ཡོད། རྟའི་སྐེ་ལ་བཏགས་པའི་རྡུང་དྲིལ་ལམ་དྲིལ་བུ་དང་ལིང་ཤང་གི་སྒྲས་ལུང་པ་སྙན་འཇེབས་ཀྱི་རོལ་མོས་ཁེངས་པར་གྱུར། རྒྱུག་ཐེངས་གཉིས་པའི་སྐབས་སུ་རྟ་པ་རྣམས་འབེན་ལ་རྡོ་དང་བེ་ཀ་གང་རུང་གཞུས་པ་སོགས་བྱེད་ཀྱི་ཡོད། རྒྱུག་ཐེངས་གསུམ་པའི་སྐབས་སུ་ཕྱུ་པ་དང་སོག་ཞྭ་སོགས་གཟབ་མཆོར་གོང་ལྟར་སྤྲས་པ་དང་ཆབས་ཅིག་ཏུ་རྟ་པ་སོ་སོས་ལག་ཏུ་རྩམ་པ་སྦར་མོ་གང་ཁྱེར་ནས་རྟ་ཐོག་ནས་གཞོགས་འདྲུད་བྱེད་ཞོར་དུ་རྩམ་པ་སྐྱ་ཐ་རེར་སྟོར་ནས་ལག་པས་སོག་ཞྭ་ཕུད་དེ་ཡང་བསྐྱར་སྐྱ་འབུལ་ཞིག་ཞུ་སྲོལ་ཡོད། དེ་ནས་རྟ་རྒྱུག་ཐང་ནས་མར་ཡོང་དུས་རྟ་པས་རྟར་མ་བཞོན་པར་ཁྲིད་དེ་ཐང་དཀྱིལ་དུ་སྒོར་སྒོར་བྱས་ནས་རྟ་པ་ཁག་གཅིག་གིས་རྦད་བཤད་ནས་དེ་མིན་རྟ་པ་ཚང་མ་དང་དེ་མིན་ལྟད་མོ་བ་རྣམས་རྦད་ཀྱི་ནང་དོན་ལ་རྣ་བ་ཅི་དགར་ཉན་གྱི་ཡོད། རྦད་བཤད་ཚར་རྗེས་རྟ་པ་རྣམས་རྟ་ལྕག་གམ་ཡང་ན་གྲིའི་རྩེ་མོར་རྩམ་པ་གང་བླངས་ནས་ཁ་ནས་འོ། འོ། འོ་ཞེས་པའི་སྒྲ་གསུམ་པའི་ཐོག་རྩམ་པ་ནམ་མཁར་གཏོར་ནས་དེའི་ཉིན་མོར་དེ་ཙམ་གྱིས་རྟ་པ་རྣམས་ངལ་གསོས་མཇུག་བསྡུ་གི་ཡོད། འོན་ཀྱང་སོ་སོའི་དགའ་ཉེ་སྤུན་མཆེད་ཕན་ཚུན་མགྲོན་དུ་བོས་ཏེ། ནས་ཆང་དང་། ཨ་རག སྦི་རག འབྲས་ཆང་། རྒུན་ཆང་བཅས་དང་། ད་དུང་ཇ་མངར་མོ་དང་འོ་མ་སོགས་དེ་མིན་ད་ཆའི་བཏུང་བཅའི་རིགས་སྣ་ཚོགས་དང་། དེ་མིན་ཚགས་ཤ་སྐམ་པོ་དང་། རློན་པ། ཁ་ཟས་སྣ་ཚོགས་དང་། ལྷག་པར་དུ་མགོ་ཡུལ་ལུང་པ་དེ་རང་གི་ཕག་ཤ། ཡུལ་དེའི་ཕག་ཤ་ལ་བྲོ་བ་ཆེན་པོ་ཡོད་ཅིང་། རྫ་ཡུལ་ཙམ་མ་ཟད་ས་ཕྱོགས་གཞན་དག་ལའང་སྐད་གྲགས་ཆེན་པོ་ལྡན་ཡོད། དེ་ཉིན་དགོང་མོར་སོ་སོའི་གུར་དུ་ཕན་ཚུན་འབྲེལ་འདྲིས་ཆེ་བ་དང་ནང་མི་སྤུན་མཆེད་མཉམ་དུ་གླེང་མོལ་བྱེད་བཞིན་བཟའ་བཏུང་སྣ་ཚོགས་ལ་རོལ་ནས་མཚན་མོ་ཕྱི་ཙམ་བར་སྡོད་ཀྱི་ཡོད།

    2021ལོར་རྫ་ཡུལ་རྫོང་ཚོ་དྲུག་རྟ་རྒྱུག་འགྲོས་ཀྱི་འགྲན་བསྡུར་ཁྲོད་གཡུང་ཕིར་ཁ་དཔལ་ལྡན་གྱིས་ཨང་དང་པོ་བླངས་པ།

    ⒉ རྟ་རྒྱུག་གི་ཉིན་གཉིས་པའི་བྱེད་སྒོའི་སྐོར།

    ཉིན་གཉིས་པའི་བྱེད་སྒོ་གཙོ་བོ་ནི་ཚོ་དྲུག་རའུ་ཤོད་གྲོང་ཚོ་གཙོ་བོར་བྱས་ནས་ཚོ་དྲུག་གི་གྲོང་པ་ཚང་མའི་ནང་གི་མི་གྲངས་བརྒྱ་ཙམ་ཉིན་དགུང་ཆུ་ཚོད་གཉིས་ཙམ་ངལ་གསོ་བ་ཕུད། མཚམས་རེ་བུའི་བྲོ་ཡིས་སྣེ་ཁྲིད་ནས་བྲོ་པ་བུ་མོ་རྣམས་ཀྱིས་མཇུག་མཐུད་དེ་སྒྲ་གདངས་རིང་ལ་སྙན་པའི་འགྱུར་ཁུག་དང་བཅས་སྐད་ལན་བསློགས་པ་དང་སྐབས་རེར་བུ་མོའི་བྲོ་ཡིས་སྣེ་ཁྲིད་ནས་བྲོ་པ་བུ་རྣམས་སྒྲ་གདངས་ཆེ་ལ་ཤུགས་དྲག་ལྡན་པའི་ངང་སྐད་ལན་སློག་སྲོལ་ཡོད། བྲོ་པ་ཕོ་མོ་བརྒྱ་ལྷག་གིས་མཉམ་དུ་རྟ་རྒྱུག་ཐང་ཆེན་དུ་ཞབས་བྲོ་གྲལ་འགྲིག་ཅིང་ཤུགས་དྲག་གིས་ཚོ་དྲུག་ལུང་པའི་རི་ཀླུང་གང་སར་བྲོའི་སྐད་གདངས་ཀྱི་འུར་སྒྲས་ཁེངས་ནས་རི་ཀླུང་ཡོད་དོ་ཅོག་བྲོའི་ཞིང་ཁམས་སུ་གྱུར། དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་ཞིང་ད་ཆ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་བྲོའི་རིག་གནས་ལ་རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱས་ནས། རྫོང་རིག་གནས་ཅུས་ཀྱིས་རའུ་ཤོད་གྲོང་ཚོའི་བྲོའི་རིག་གནས་ལ་ཐད་ཀའི་བཀོད་སྒྲིག་དམ་ཟབ་བྱས་པའི་འབྲས་བུ་ལས་ད་ཆ་རའུ་ཤོད་ཀྱི་བྲོའི་རིག་གནས་ཉིན་རེ་ལས་མ་འདས་པར་ཡར་རྒྱས་འགྲོ་བཞིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ཡུལ་ཤང་རའུ་ཤོད་གྲོང་ཚོའི་བྲོ་ནི་བོད་ཀྱི་ས་ཕྱོགས་གཞན་དག་གི་ཞབས་བྲོ་དང་སྐད་གདངས་སོགས་དང་སྤྱིར་ན་འདྲ་པོ་ཡོད། འོན་ཏེ་རའུ་ཤོད་གྲོང་ཚོའི་བྲོ་ནི་ཡུལ་དེ་ཙམ་མ་ཟད། ཁམས་ཁུལ་གྱི་ས་ཆ་མང་པོར་སྐད་གྲགས་ཆོད་པའི་རྫ་ཡུལ་རྫོང་གི་སྲིད་གྲོས་ཨུ་ཡོན་རྫ་ཡུལ་ཡུལ་སྲོལ་རིག་གནས་དང་ལོ་རྒྱུས། ལྷག་པར་དུ་བྲོ་དང་གཏམ་བཤད་སྐོར་ལ་ཆ་རྒྱུས་ཤིན་ཏུ་ཆེ་ཞིང་བོད་ཀྱི་རིག་གནས་གཞན་དག་ལའང་བྱང་ཆ་ཆེ་བའི་གྲགས་ཅན་སྒོམ་པ་ཨོ་རྒྱན་ཚེ་བརྟན་དང་། བྲོའི་སྒྲ་གདངས་འགྱུར་ཁུག་སྐོར་སྙན་ཞིང་བྱང་ཆ་ཆེ་བའི་སྐལ་བཟང་སྒྲོལ་མ། བྲོ་ཚིག་རྣམས་མ་བརྗེད་བློ་ལ་བརྟན་པོར་ངེས་ཐུབ་པའི་ཨ་ཆུང་འདས་པོ་སོགས་ཀྱིས་རའུ་ཤོད་གྲོང་ཚོར་དུས་ཆེན་ཤར་རིམ་བཞིན་ཡུལ་མི་ཁྱུ་དང་ཁྱུ་བསྒྲིགས་ནས་ཉིན་དང་མཚན་སྦྲེལ་ནས་བྲོ་ཐེངས་མང་འཁྲབ་མྱོང་བར་བརྟེན་རའུ་གྲོང་གི་ཕོ་མོ་རྒན་གཞོན་མང་པོར་བག་ཆགས་ཟབ་མོ་བཞག་ནས་རྒྱུན་འཛིན་བྱུང་བ་ཞིག་ཡིན་ཞིང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བྲོ་དེར་ཡུལ་དེ་གའི་མི་ཙམ་མ་ཟད། སྲོལ་རྒྱུན་གྱི་ཞབས་བྲོར་དགའ་ཞེན་ཡོད་པ་མང་པོས་དོ་སྣང་ཆེན་པོ་བྱུང་བ་དང་སྦྲགས། རིམ་པ་གོང་མའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་ལོ་ཤས་སྔོན་ནས་རྒྱབ་སྐྱོར་ཆེན་པོ་བྱས་དང་བྱེད་མུས་རེད།

    ⒊རྟ་རྒྱུག་གི་ཉིན་གསུམ་པའི་བྱེད་སྒོའི་སྐོར།

    ཉིན་གསུམ་པ་ནི་རྟའི་བང་རྩལ་དང་འགྲོས་རྩལ་ངོམ་པའི་ཉིན་མོ་རེད། དེ་ཉིན་ནི་སྔོན་མ་དང་མི་འདྲ་བར་མི་མང་ཤོས་འཛོམས་པའི་དུས་ཆེན་ཁྱད་པར་ཅན་ཞིག་རེད། རྟའི་འགྲོས་རྩལ་ངོམ་སྐབས་རྟ་རྒྱུག་ཐང་དུ་སྤྱི་ལེ་གཅིག་མ་ཟིན་ཙམ་གྱི་སར་བསྐོར་བ་ཐེངས་27བར་རྒྱག་དགོས་ཀྱི་ཡོད། ཚོ་དྲུག་ལུང་པ་ཡོངས་ལ་སྤྱིར་རྟ་མང་པོ་ཡོད་ནའང་དེ་ཉིན་རང་ཉིད་ལ་གདེང་ཚོད་ཕྲན་བུ་ཡོད་པའི་རྟ་འགྲོས་རྩལ་ཡག་ཤོས་དང་རྒྱུག་ཤེད་ཡག་ཤོས་ཚང་མ་རང་མོས་ངང་འགྲན་བསྡུར་ལ་ཞུགས་པའི་ཐོ་རྒྱག་གི་ཡོད་པ་ལས་རྟ་ཡོད་ཚད་ཚང་མ་འགྲན་བསྡུར་ལ་ཞུགས་ཐུབ་ཀྱི་མེད། རྟ་རྒྱུག་གི་འགྲན་བསྡུར་དེ་ལ་སྤྱིར་འགྲོས་ཀྱི་འགྲན་བསྡུར་དང་རྒྱུག་ཤར་རམ་ཞར་འཕེན་གྱི་འགྲན་བསྡུར་གཉིས་ཡོད་པ་ལས། འགྲོས་རྩལ་འགྲན་བསྡུར་ལ་ཕྱེ་ན་ཁག་གསུམ་ཡོད་དེ། རྟ་རབ་དང་། རྟ་འབྲིང་། རྟ་ཆུང་བ་བཅས་ཡོད། རྟ་རབ་ཀྱིས་སྤྱི་ལེ་གཅིག་མ་ཟིན་ཙམ་ཡོད་པའི་ཐང་ཆེན་དུ་བསྐོར་བ་27རྒྱག་དགོས་པ་དང་། རྟ་འབྲིང་གིས་བསྐོར་བ་20རྒྱག་དགོས་པ། རྟ་ཆུང་བ་རྣམས་ཀྱིས་བསྐོར་བ་17བཅས་རྒྱག་དགོས་ཀྱི་ཡོད། འགྲོས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་རྟ་རབ་40ལྷག་ཙམ་འཛོམས་ཀྱི་ཡོད་པ་དང་། རྟ་འབྲིང་20ལྷག་འཛོམས་པ། རྟ་ཆུང་བ་20མ་ཟིན་ཙམ་འཛོམས་ཀྱི་ཡོད། རྟ་མང་ཉུང་ལ་ལོ་ལྟར་གཏན་འཁེལ་མེད། འགྲན་བསྡུར་གྱི་རྒྱུག་ཐག་རིང་ཐུང་མི་འདྲ་བ་མ་ཟད། དཔེ་བཟང་གི་རིམ་པ་ཡང་གཅིག་པ་མིན་ལ། ལོ་རེའི་བྱ་དགའི་དངུལ་དང་དངོས་པོའང་མི་འདྲ་བ་ཡོད། རྟ་རབ་ཀྱིས་བསྐོར་བ་རྒྱག་སྐབས་མ་གཞི་འགྲོས་རྐྱང་རྐྱང་གཏོང་དགོས་ཀྱི་ཡོད་མོད། འོན་ཀྱང་ཐོག་མར་བསྐོར་བ་གསུམ་ནང་ཚུན་དུ་རྒྱུག་ཤར་སྨི་20ཙམ་གློད་ན་མ་འགྲིག་པ་མེད། འོན་ཀྱང་བསྐོར་བ་གསུམ་ཡོལ་རྗེས་ཞར་འབེན་སྨི་20གཡོལ་ནས་བརྒྱུགས་ན་ལྟ་འདོམས་པས་སྐད་བརྡ་བཏང་སྟེ་རྟ་པ་རྟ་ཐོག་ནས་ལམ་སེང་འབབ་དགོས་པའི་སྒྲིག་ལམ་ནན་པོ་བཟོས་ཡོད། རྟ་རབ་འགྲོས་ཀྱི་འགྲན་བསྡུར་ལ་རིམ་པ་ཨང་དང་པོ་ནས་དྲུག་པའི་བར་དང་། རྟ་འབྲིང་ལ་རིམ་པ་དང་པོ་ནས་གསུམ་པའི་བར། རྟ་ཆུང་བ་ལའང་རིམ་པ་དང་པོ་ནས་གསུམ་པའི་བར་བཅས་ཡོད།

    རྟ་རྒྱུག་གི་འགྲན་བསྡུར་རྒྱུག་ཤར་གློད་པ་དེ་ལ་རྟ་ཆེ་ཆུང་ཚང་མ་དབྱེ་བ་མེད་པར་བསྐོར་བ་15རྒྱག་དགོས་ཀྱི་ཡོད་ལ། འགྲན་བསྡུར་གྱི་རིམ་པ་ཡང་ཨང་དང་པོ་ནས་གསུམ་པའི་བར་དུ་ཡོད། རབ་ཀྱི་འགྲན་བསྡུར་དེ་ནི་འགྲོས་ཀྱི་འགྲན་བསྡུར་དང་མི་འདྲ་བར་རྟ་ཕོ་ལ་རྒྱུག་རྩལ་དང་བུ་ཆུང་ལ་སྐྱ་རྩལ་ཡོད་ཚེ་ག་ཚོད་བརྒྱུགས་ན་དེ་ཚོད་ཀྱིས་རྒྱུག་ཆོག་གི་ཡོད། འོན་ཀྱང་འགྲོས་ཀྱི་འགྲན་བསྡུར་དང་རྒྱུག་ཤར་གྱི་འགྲན་བསྡུར་གང་ཡིན་ཡང་སོ་སོའི་ནང་མི་དང་ཡང་ན་དགའ་ཉེ་སྤུན་མཆེད་གང་ཡིན་ཡང་དེར་ཞུགས་ཡོད་ཕྱིན་དགའ་སྣང་དང་ཞེད་སྣང་ཡང་མི་འདྲ་བ་ཞིག་རང་ཤུགས་སུ་ཡོང་གི་ཡོད། གང་ཡིན་ཞེ་ན། ཨང་རིམ་ཐོབ་ན་ཐོབ་པའི་དགའ་སྣང་དང་མ་ཐོབ་ན་བློ་མི་བདེ་བ་ཕྲན་བུ་ཡོང་སྲིད། ལྷག་པར་དུ་རྟ་ཐོག་ནས་ལྷུང་བའི་སེམས་ཁྲལ་སོགས་དགའ་སྐྱོ་ཟུང་འབྲེལ་ཞིག་ཡོང་གི་ཡོད།

    རྟ་རྒྱུག་འགྲན་བསྡུར་མཇུག་འགྲིལ་རྗེས་གྲོང་ཚོའི་འགོ་ཁྲིད་ཀྱིས་གཙོ་བོར་བྱས་ནས་འགྲོས་འགྲན་དང་རྒྱུག་འགྲན་གྱི་ཨང་རིམ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཨང་རིམ་ཐོབ་པའི་རྟ་དང་རྟ་པ་རྣམས་གཟབ་མཆོར་ལེགས་པར་སྤྲས་ཏེ། ཨང་རིམ་ལྟར་བང་བསྒྲིགས་ནས་ལངས་སྡོད་སྲོལ་ཡོད། དེའི་སྐབས་སུ་རྟའི་ཆེ་མིང་དང་དུད་ཚང་གི་མིང་ངམ་ཡང་ན་རྟ་པའི་མིང་ནས་རེ་རེ་བཞིན་བོས་ཏེ་བྱ་དགའ་སྤྲོད་རིམ་བཞིན་ལྟད་མོ་བས་དགའ་བསུ་ཆེན་པོ་ཞུ་གི་ཡོད་པ་མ་ཟད། དེ་རྗེས་གྲོང་ཚོའི་འགོ་ཁྲིད་ཀྱིས་བྱ་དགའི་བྱང་བུ་དང་། དངུལ་དང་དངོས་པོ། ཁ་བཏགས་སྤྲོད་ཀྱི་ཡོད། ད་དུང་སོ་སོའི་དགའ་ཉེ་སྤུན་མཆེད་ཀྱིས་བྱ་དགའ་ཐོབ་པའི་མི་རྟ་གཉིས་ཀར་ཁ་བཏགས་གཡོགས་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།