དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • འཁྲབ་འཁྱེར་བཟང་ན་གར་སྟེགས་ཡངས།

    —— བོད་ལྗོངས་ལག་ཤེས་སློབ་གླིང་གི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མཐོ་པོ་ཡོད་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལི་མེ་དབྱིང་།   |     སྤེལ་དུས།  2024-04-19

    “ང་ཚོའི་སློབ་གྲྭའི་སློབ་མའི་ལས་ཞུགས་ལ་སྤྱིའི་ཆ་ནས་སེམས་ཁྲལ་བྱེད་དགོས་མེད། གཙོ་བོ་ལས་ཀ་ཡག་པོ་རག་ཆེད་ཤུགས་རྒྱག་གི་ཡོད། ད་ལྟ་སློབ་མཐར་ཕྱིན་པའི་དུས་ཚོད་སླེབས་མེད་ནའང་སློབ་ཐོན་སློབ་མ་བཅུ་ཆ་ལྔ་དྲུག་ཙམ་ལས་ཞུགས་ཐུབ་ཡོད”ཅེས་བོད་ལྗོངས་ལག་ཤེས་སློབ་གླིང་སློབ་བསྡུ་ལས་ཞུགས་ཁྲུའུ་ཡི་འགན་འཁུར་བ་ཏེང་ཁོའོ་ཡིས་དགའ་སྤྲོའི་ངང་བཤད།

    བོད་ལྗོངས་ལག་ཤེས་སློབ་གླིང་གི་སྐབས་རིམ་བྱུང་གི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98%ཡན་ཟིན་པ་ནི་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད།

    ཉེ་བའི་ལོ་ཤས་རིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་ཡོང་ཆེད། རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་རྒྱ་ཆེར་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འཆར་འགོད(2020ལོ་ནས་2025ལོའི་བར)》དང《〈མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱེད་ཐབས〉པར་འགྲེམས་པའི་སྐོར་གྱི་བརྡ་ཐོ》 《ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་སྲིད་ཇུས་སྔ་རྗེས་སུ་བཏོན་པ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཁ་གསབ་སྤྲད་དེ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་ན་བྱ་དགའ་སྤྲོད་པ། ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་ལྕག་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་ཡངས་སུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་བཏང་བ་རེད།

    བོད་ལྗོངས་ལག་ཤེས་སློབ་གླིང་གི་ལས་ཞུགས་ཐུབ་ཚད་མཐོ་པོ་རྒྱུན་འཁྱོངས་བྱུང་བའི་ཐབས་མཆོག་ནི་སློབ་མས་ལག་ཤེས་ཡག་པོ་སྦྱངས་པ་དང་ཡང་ཁ་འབྲལ་ཐབས་མེད། “ང་ཚོའི་སློབ་མ་ཁེ་ལས་སུ་སླེབས་རྗེས་ལས་གནས་ཀྱི་གསོ་སྦྱོང་རགས་མ་ཐག་ལག་ལེན་ལ་ཞུགས་ཐུབ་པས་ལག་ཤེས་ཐད་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད”ཅེས་ཏེང་ཁོའོ་ཡིས་བཤད།

    “ལག་ཤེས་ཡོད་ན་ལས་ཞུགས་ལ་སེམས་ཁྲལ་མི་དགོས”ལས་གནས་ཁག་ཏུ་ལག་ཤེས་སློབ་གླིང་གི་སློབ་ཐོན་སློབ་མ་རྣམས་ལ་དགའ་བསུ་ཆེན་པོ་ཐོབ་ལས་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་གཏོད་ཐད་ལག་རྩལ་ལ་མཁས་པའི་ཤེས་ལྡན་པ་དགོས་མཁོ་ཆེན་པོ་ཡོད་པའི་འཕེལ་ཕྱོགས་མཚོན་ཡོད། བོད་ལྗོངས་ལག་ཤེས་སློབ་གླིང་ནི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་ལག་ཤེས་བཟོ་རྩལ་རིགས་ཀྱི་སློབ་གླིང་དང་པོ་ཡིན་ཞིང་། རིག་ནུས་ལག་རྩལ་དང་། འགྲིམ་འགྲུལ་དང་རླངས་འཁོར། གྲངས་འཛིན་ཆ་འཕྲིན་སོགས་ཐོན་ལས་སློབ་ཁྲིད་ཀྱི་ཚན་ཁག་བཙུགས་པ་དང་། སློབ་མ་རྣམས་རྒྱལ་ཡོངས་དང་ལྗོངས་ནང་ཁུལ་གྱི་རྩལ་ནུས་གསོ་སྦྱོང་དང་འགྲན་བསྡུར་མང་པོར་ཧུར་ཐག་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པས། ལག་རྩལ་སྣ་གཅིག་ལ་བརྟེན་ནས་སློབ་ཐོན་སློབ་མ་མང་པོའི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད།

    དེ་དང་ཆབས་ཅིག བོད་ལྗོངས་ལག་ཤེས་སློབ་གླིང་གི་ལས་ཞུགས་ཐུབ་ཚད་མཐོ་པོ་ཡོད་དོན་ད་དུང་རང་ལྗོངས་ཀྱིས་ལས་ཞུགས་ལས་སྟེགས་སྣ་ཚོགས་ཧུར་ཐག་བསྐྲུན་པ་དང་ཡང་ཁ་འབྲལ་ཐབས་མེད། བོད་ལྗོངས་ལག་ཤེས་སློབ་གླིང་གིས་ལྗོངས་ནང་ཁུལ་གྱི་ལས་ཞུགས་དུས་བབ་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ་ཁེ་ལས་ཆེ་གྲས་དང་སློབ་ཁེ་མཉམ་ལས་གཏིང་ཟབ་བྱས་ནས། ལས་ཞུགས་ལས་སྟེགས་བསྐྲུན་པ་དང་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཐོན་སློབ་ཞིབ་སྐྱོང་བཞི་ཟུང་འབྲེལ་གྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱས་པ་རེད།

    ན་ནིང་གི་ཟླ་8པའི་ཟླ་མཇུག་ཏུ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་སྐུལ་འདེད་འོག་བོད་ལྗོངས་ལག་ཤེས་སློབ་གླིང་གིས་སྣེ་ཁྲིད་པ་དང་ལག་རྩལ་བཟོ་པའི(ལས་རིགས)སློབ་གླིང་དང་། ཚོང་ཚོགས་མཐུན་ཚོགས། ཚན་ཞིབ་ཁང་། ཁེ་ལས་དང་བྱ་གཞག་ཚན་པ་ཁག་བཅས་ལས་གྲུབ་པའི་རང་སྐྱོང་ལྗོངས་ཀྱི་ཐོན་སློབ་ཚོགས་པ་བཙུགས་པ་རེད། ལོ་གཅིག་ཀྱང་མ་འགོར་བར། ཐོན་སློབ་ཚོགས་པ་དང་དབྱི་པའེ་ཅཱ་གློག་ཤུགས་ཚོགས་པ་དང་། ཀྲུང་གོ་ཚན་ཞིབ་ཞིབ་དཔྱད་ཚད་ལེན། དབྱིན་ཚའེ་ཚན་རྩལ། ཡུན་དར་ནགས་ཤོད། ཧའེ་ལན་འཕུར་སྐྱོད་མཁའ་འགྲུལ་སོགས་ཁེ་ལས་10ལྷག་ཙམ་གྱིས་འཕྲུལ་གློག་གཞི་གཅིག་ཅན་དང་། ཁོར་ཡུག་གི་ཞིབ་དཔྱད་ཚད་ལེན། མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ་སོགས་ཀྱི་ཆེད་ལས་ཐད་ཤེས་ལྡན་པ་རྒྱུན་མཐུད་ནས་གསོ་སྐྱོང་བྱས་པ་རེད། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་། སྐྱེ་ཁམས་ཁོར་ཡུག་ཐིང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ལྗོངས་སྤྱི་ཁྱབ་བཟོ་ཚོགས་སོགས་སྲིད་གཞུང་གི་སྡེ་ཚན་དང་ཚོགས་པའི་རྩ་འཛུགས་10ཙམ་དང་། ཐད་གཏོང་མཐུན་ཚོགས་དང་། ཡུལ་སྐོར་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས། སི་ཁྲོན་ཚོང་ཚོགས་སོགས་མཐུན་ཚོགས་དང་ཚོང་ཚོགས་20ལྷག་ཙམ། བོད་ལྗོངས་ཅུས་ལུང་ཟངས་ལས་དང་། བོད་ལྗོངས་གསོལ་མགྲོན་ཁང་། འཛུགས་སྐྲུན་བཟོ་ལས་ཨར་ལས་རྒྱུ་ཆ་སོགས་གཞུང་ཁོངས་ཁེ་ལས་20ལྷག་ཙམ། དེ་བཞིན་ཧྭ་ཞ་གཏེར་ལས་དང་། ཁང་ཏ་རླངས་འཁོར་ཚོང་དོན། ཏེ་ཀྲོང་ས་ཁམས་ཆ་འཕྲིན་སོགས་དམངས་གཉེར་ཁེ་ལས་ཆེ་གྲས་30ལྷག་ཙམ་བཅས་དང་རྒྱུན་མཐུད་སྤེལ་རེས་བྱས་པ་རེད།

    “ང་ཚོས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་དང་། ཚོང་དོན་མཐུན་ཚོགས་བཅུ་ལྷག་ཙམ། མི་རིགས་ཀྱི་རྒྱན་གོས་རིག་གནས་ཞིབ་འཇུག་ཁང་སོགས་ཚན་ཞིབ་སྒྲིག་གཞི་དང་དེ་བཞིན་གཞུང་ཁོངས་དང་དམངས་གཉེར་ཁེ་ལས་དང་འབྲེལ་གཏུག་གང་ལེགས་བྱས་ནས་ཤེས་ལྡན་པ་དོ་སྙོམས་ཡོང་ཐབས་བྱེད་བཞིན་ཡོད”ལས་སྟེགས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་སློབ་ཐོན་སློབ་མའི་ལས་ཞུགས་ལམ་བུའང་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད་ཅེས་ཏེང་ཁོའོ་ཡིས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།