བགྲེས་སོང་བྱམས་པ་ཚུལ་ཁྲིམས་ཀྱི་སྡུག་དྲན་སྐྱིད་བསམ།
“རྟ་ཟོག་སེམས་ཅན་ལྟ་བུ”ནས“རང་ཁྱིམ་རང་བདག”བྱུང་བའི་བར་གྱི་འགྱུར་ལྡོག
“ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་ང་ཚོར་ད་ཆ་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྙིང་པའི་དཀའ་སྡུག་གི་ལོ་ཟླའི་ནང་། ང་ཚོས་དུད་འགྲོ་ལྟར་མི་བརྩི་བའི་རེ་བ་བྱེད་ཀྱི་ཡོད་ལ། ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ཡོད་པ་དང་ནད་གཞི་ཕོག་སྐབས་སྨན་པ་བསྟེན་རྒྱུ་ཡོད་པ་ཞིག་བྱུང་ན་སྙམ་གྱི་ཡོད། འོན་ཀྱང་སྐབས་དེ་དུས་དེ་དག་ཚང་མ་ནི་སྟོང་བསམ་རང་རེད”ཅེས་འདི་ལོ་ལོ་74ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་ཚོགས་ཆུང་གསུམ་པའི“གཉིས་ལྡན་དུད་སྦྲེལ”སྤྱི་མི་བྱམས་པ་ཚུལ་ཁྲིམས་ཀྱིས་སྔར་སོང་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་བཤད།
བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བགྲེས་སོང་བྱམས་པ་ཚུལ་ཁྲིམས་ཀྱི་ནང་མི་7པོ་བ་ཚང་ནང་སྡོད་དགོས་ཀྱི་ཡོད། ཁོང་ཧ་གཉིད་གོ་བ་ནས་བཟུང་གཅེན་གཅུང་མིང་སྲིང་དང་མཉམ་དུ་རི་ལ་ཕྱུཊ་འཚོ་བར་འགྲོ་དགོས་པ་དང་སྤགས་འདག་ཀོང་གཅིག་ནི་ཁོང་གི་ཉིན་གཅིག་གི་ཁ་ཟས་རེད།
“ང་ཚོ་ཆུང་དུས་ད་ལྟའི་ཕྲུ་གུ་དང་འདྲ་བར་ཉིན་ལྟར་དགའ་དགའ་སྤྲོ་སྤྲོའི་ངང་དཔེ་ཁུག་ཁྱེར་ནས་སློབ་འཁོར་གྱིས་སྐྱེལ་བསུ་བྱེད་པའི་བདེ་སྐྱིད་ལྡན་པའི་རྣམ་པ་དེ་ནི་བསམ་མི་ཕོད་པའི་བྱ་བ་ཞིག་རེད”ཅེས་བགྲེས་སོང་བྱམས་པ་ཚུལ་ཁྲིམས་ཀྱིས་བཤད།
ལོ་65ཡི་གོང་། དམངས་གཙོའི་བཅོས་སྒྱུར་ཚ་ཚ་འུར་འུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད། སྒྱུར་བཅོས་བྱས་པ་བརྒྱུད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་བྱུང་སྟེ་སྤྱི་ཚོགས་གསར་པའི་བདག་པོར་གྱུར་ཡོད། ལོ་65ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཤུགས་ཆེན་འོག བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གཏན་ནས་སྐྱེལ་མྱོང་མེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
“དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ངའི་ཁྱིམ་ལ་ཁང་པ་གཅིག་དང་མི་རེར་ས་ཞིང་མུའུ་2རེ་བརྩིས་པའི་ཁྱོན་ས་ཞིང་མུའུ་14བགོས་བྱུང་། ཞིང་ནང་བཏབ་པའི་ནས་དང་ཞོག་ཁོག་ཚང་མ་རང་ཁྱིམ་ལ་དབང་ཡོད། ད་ཆ་ང་ཚོ་མི་རབས་གསུམ་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དེ་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་བྱུང་བ་ཞིག་རེད། ནད་གཞི་ཕོག་ཚེ་སྨན་བཅོས་འགན་བཅོལ་ཡོད་པ་དང་། ཕྲུ་གུ་ཚོ་སློབ་གསོ་མྱོང་བའི་གོ་སྐབས་བྱུང་བ་མ་ཟད་ད་དུང་སློབ་ཆེན་དུའང་སྐྱོད་རྒྱུ་བྱུང་ཡོད། དེ་དག་ཚང་མ་བོད་རྙིང་པར་བསམ་ཡང་མི་ཕོད་པའི་བྱ་བ་ཞིག་རེད”ཅེས་བགྲེས་སོང་བྱམས་པ་ཚུལ་ཁྲིམས་ཀྱིས་གསར་འགོད་པར་བཤད།
བྱམས་པ་ཚུལ་ཁྲིམས་ཀྱིས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད། ངས་བོད་རྙིང་པའི་དཀའ་སྡུག་ཤེས་ཀྱི་ཡོད་ལ་བོད་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བར་ཡང་དྲིན་ཚོར་བཞིན་ཡོད། ཕྲུ་གུ་ཚོས་ལོ་རྒྱུས་ཤེས་རྟོགས་དང་ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། སློབ་སྦྱོང་ཧུར་ཐག་དང་ལས་ཀ་ཡག་པོ་བྱས་ཏེ་ང་ཚོའི་བོད་ལྗོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་བཤད།