ལྷ་མོ《ཚེ་རིང་ལྷ་མོ》
དམངས་གཙོའི་བཅོས་སྒྱུར་གྱི་བརྗིད་ཆེའི་ལོ་རྒྱུས་གར་སྟེགས་ཐོག་མངོན་པ།
པར་འདི་དག་ཚང་མ་ལྷ་མོ《ཚེ་རིང་ལྷ་མོའི》འཁྲབ་ཚན་གྱི་པར་ཡིན་པ།
ཉེ་བའི་ལོ་ཤས་རིང་། དོན་དངོས་བརྗོད་གཞིར་བྱས་པའི་དེང་རབས་ཀྱི་ཟློས་གར་གསར་རྩོམ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་གསར་རྩོམ་ལག་ལེན་གྱི་གཙོ་གནད་ཅིག་ཡིན་ལ། དངོས་མཚོན་གྱི་ཐབས་ལམ་བརྒྱུད་དུས་རབས་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པར་བྱེད་པ་ནི་ལྷ་མོ་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་ཚང་མས་རང་ངོས་འཕེལ་རྒྱས་གཏོང་རིང་རང་རྟོགས་ངང་སྒྱུ་རྩལ་དོན་གཉེར་བྱེད་པ་ཞིག་རེད།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་2019ལོར་གསར་རྩོམ་བྱས་པའི་དེང་དུས་ཀྱི་ཟློས་གར《ཚེ་རིང་ལྷ་མོ》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཕྱག་རྟགས་སུ་ཕུལ་བའི་ལྷ་མོའི་འཁྲབ་ཚན་ཞིག་རེད། ཟློས་གར་དེ་ཉིད“ལོ་བརྒྱའི་ཟློས་གར་བརྒྱ”ཡི་འཁྲབ་ཚན་ནང་གཟི་བརྗིད་ངང་ཚུད་པ་མ་ཟད། ཟློས་གར་དུས་ཆེན་ཐོག་བཀྲག་མདངས་འཚེར་བའི་འཁྲབ་ཚན་ཞིག་ཏུའང་གྱུར་ཡོད། གསར་དུ་རྩོམ་སྒྲིག་བྱས་པའི་དོན་དངོས་བརྗོད་གཞིའི་ལྷ་མོའི་འཁྲབ་ཚན་དེས་ཁྱབ་ཁོངས་མང་པོ་ཞིག་ནས་ཉེ་བའི་ལོ་ཤས་རིང་གི་ལྷ་མོའི་དེང་རབས་ཟློས་གར་གསར་རྩོམ་གྱི་ཆུ་ཚད་མཐོ་ཤོས་མཚོན་ཡོད།
《ཚེ་རིང་ལྷ་མོ》ནི་དངོས་སུ་བྱུང་བའི་མི་སྣ་དང་བྱ་བ་ཞིག་ཡིན་ལ། ཚེ་རིང་ལྷ་མོས་དཀའ་སྡུག་ནས་མི་ལུས་གསར་པ་ཐོབ་པའི་བར་གྱི་ལོ་རྒྱུས་ལམ་བུ་བརྒྱུད་པ་མ་ཟད། ཁོ་མོའི་ལུས་ཐོག་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མཚོན་པའི་བརྩམས་ཆོས་ཤིག་རེད། 1926ལོར་སྐྱེས་པའི་ཚེ་རིང་ལྷ་མོ་1960ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཤིང་། དེ་རྗེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་དྲུག་པའི་འཐུས་མི་བཅས་ཡིན་པ་མ་ཟད། “བོད་ཀྱི་མི་སེམས་འགུལ་བའི”མི་སྣའི་གྲས་ཤིག་ཀྱང་རེད། སྤྱི་ཚོགས་རྙིང་པར་བ་ཚང་ནང་སྐྱེས་པའི་ཁོང་། ལོ་དྲུག་ནས་བཟུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་དུས་སྐབས་ཀྱི་བོད་ཀྱི་མངའ་བདག་གི་ནང་ཟན་རེད། ཁོང་གིས་མྱངས་པའི་སྡུག་བསྔལ་ལས་བོད་ཀྱི་ཞིང་བྲན་ཁྲི་སྟོང་མང་པོའི་ཡ་ང་བའི་གནས་ཚུལ་ངོ་མ་མཚོན་ཡོད། 1959ལོར་ཚེ་རིང་ལྷ་མོ་དང་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་མཉམ་དུ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀ་བསུས་པ་དང་མི་ལུས་གསར་པ་ཐོབ་པའི་ཚེ་རིང་ལྷ་མོས་སྤྱི་ཚོགས་གསར་པ་དང་འཚོ་བ་གསར་པར་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད། བརྩམས་ཆོས་དེས་ལྷ་མོའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མི་སེམས་འགུལ་བའི་གཏམ་རྒྱུད་སླར་ཡང་མཚོན་པར་བྱས་པ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བཅས་བྱེད་དགོས་དོན་ལ་ལན་གསལ་པོ་བཏབ་ཡོད་ལ། ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་སྤྱི་ཚོགས་ཀྱི་མུན་ནག་ལས་ཐར་བ་དང་། ཡར་ལངས་བཅིངས་འགྲོལ་དང་ཕྱུག་འགྱུར་ཕྱོགས་སུ་བསྐྱོད་པ། ལ་རྒྱ་དང་ཤེས་དཔལ་གྱི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་ལོ་རྒྱུས་སླར་ཡང་མཚོན་པར་བྱས་ཡོད།
《ཚེ་རིང་ལྷ་མོའི》བརྗོད་བྱའི་གཏམ་རྒྱུད་ལ་མི་སེམས་འགུལ་ནུས་ཆེན་པོ་ལྡན་ཡོད།《ཚེ་རིང་ལྷ་མོའི》འཁྲབ་གཞུང་གསར་རྩོམ་གྱི་རྩོམ་པ་པོས་བརྗོད་བྱ་དང་ནང་དོན་གྱི་ལེགས་ཆ་མངོན་པར་བྱས་པ་མ་ཟད། རྩོམ་རིག་གི་ཐབས་ལམ་སྤྱད་ནས་དུས་རབས་ཀྱི་སྙིང་སྟོབས་དང་གསར་རྩོམ་གྱི་བླང་བྱ་མཚོན་པར་བྱས་ཡོད་ལ། གར་སྟེགས་ཀྱི་རྣམ་པ་དང་མཚོན་ཚུལ་ཐད་ལའང་འབད་བརྩོན་ཆེན་པོ་བྱས་ཡོད། ལྷ་མོའི་གཞུང་ལྟར་རྔོན་པའི་འདོན་དང་། གཞུང་། བཀྲ་ཤིས་བཅད་པ་བཅས་ཀྱི་ཐབས་ལམ་བརྒྱུད་འཁྲབ་སྟོན་བྱེད་ཀྱི་ཡོད།
གར་སྟེགས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ལུགས་མཚོན་པ་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཡིན་ལ། དེང་སྐབས་ཀྱི་སྒྱུ་རྩལ་ལས་དོན་པར་བཏོན་པའི་གསར་རྩོམ་གྱི་བླང་བྱ་ཞིག་དེ་བས་ཀྱང་རེད། གསར་རྩོམ་གྱི་བླང་བྱ་དེ་ལྟ་བུའི་འོག་གཏམ་རྒྱུད་ཀྱི་ནང་དོན་སྔོག་འདོན་བྱེད་པ་དང་། དཔེ་མཚོན་ཡག་པོ་འདེམས་པ། དྲང་ནུས་གཅིག་སྡུད་བཅས་བྱས་ཏེ་སྒྱུ་རྩལ་གྱི་བྱ་ཐབས་དང་སྟོབས་ཤུགས་ལ་བརྟེན་ནས“ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང”ལ་རམ་འདེགས་བྱེད་པ་ནི་དེང་སྐབས་ཀྱི་ཟློས་གར་ཁང་དང་ཚོགས་པས་གསར་རྩོམ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།
《ཚེ་རིང་ལྷ་མོའི》གསར་རྩོམ་ལག་ལེན་ལས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲོལ་རྒྱུན་དང་ཐོན་ཁུངས་ལ་བརྩི་འཇོག་དང་བེད་སྤྱོད་བྱས་ཏེ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་ཀྱི་རྩ་དོན་ཐོག་ནས་ལྷ་མོའི་འབྱུང་རྩ་དང་བླ་སྲོག་བརྟན་སྲུང་བྱས་ཚེ། གཞི་ནས་དེ་བས་ལེགས་པའི་སྒོ་ནས་དེང་རབས་ཀྱི་ལྟད་མོ་བ་དང་མི་དམངས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་ཐུབ་པ་གསལ་བཤད་བྱས་ཡོད། ལྷ་མོའི་དེང་རབས་ཟློས་གར་གསར་རྩོམ་ཐད་ཕྱོགས་མང་པོ་ནས་བསམ་གཞིག་དེ་དག་ལ་ལན་བཏབ་ཡོད། 《ཚེ་རིང་ལྷ་མོའི》འཁྲབ་གཞུང་རྩོམ་པ་པོ་རྣམ་རྒྱལ་བསྟན་འཛིན་གྱིས“ལྷ་མོའི་འཁྲབ་གཞུང་འདིས་དུས་རབས་གསར་པའི་ལྷ་མོའི་གར་སྟེགས་ཅན་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་དགོས་མཁོར་གཞིགས་པ་དང་ས་གནས་དེ་གའི་མང་ཚོགས་ཚོའི་མཛེས་དཔྱོད་ཀྱི་དགོས་མཁོ་དང་དེ་བས་ཟུང་འབྲེལ་བྱས་ཏེ། གཞུང་འཁྱོངས་ཀྱི་སྔོན་འགྲོའི་འོག་གསར་གཏོད་བྱེད་དགོས། གསར་གཏོད་བྱ་ཡུལ་གཙོ་བོ་གཏམ་རྒྱུད་ཀྱི་ནང་དོན་ཐོག་འཇོག་དགོས། བོད་ཀྱི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་དང་མི་དམངས་ཀྱི་རིན་ཐང་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། ང་ཚོས་དེང་སྐབས་མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཐུབ་པའི་ལྷ་མོའི་འཁྲབ་གཞུང་རྩོམ་དགོས་པའི་བླང་བྱ་བཏོན་ཡོད། མདོར་བསྡུས་ནས་བརྗོད་ན། ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་སྔར་ཡོད་སོར་འཇོག་དང་ནང་དོན་ཐད་དེང་རབས་དང་བསྟུན་ཏེ་གསར་རྩོམ་བྱེད་དགོས”ཞེས་བརྗོད། འདི་ལྟ་བུའི་གསར་རྩོམ་འདུ་ཤེས་ནི་མངོན་གསལ་དོད་ལ་རང་རྟོགས་ལྡན་པ་ཞིག་ཡིན་ལ། སྒྱུ་རྩལ་གྱི་ཆོས་ཉིད་དང་མཐུན་པ་དང་ལྷ་མོའི་འཁྲབ་གཞུང་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འཚམ་པ་ཞིག་ཀྱང་རེད། ལྷ་མོའི་འཁྲབ་གཞུང་ལ་དོན་དམ་པའི་འཕེལ་རྒྱས་ཕྱིན་ནས་ལོ་ངོ་600ལྷག་ཙམ་སོང་རིང་ཐང་སྟོང་རྒྱལ་པོ་དང་བཀྲ་ཤིས་དོན་གྲུབ་སོགས་སྒྱུ་རྩལ་པ་རྒན་རབས་ཚོས་སྲོལ་རྒྱུན་གྱི་འཕོ་འགྱུར་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། ཁོང་ཚོའི་གསར་གཏོད་ལྷ་མོའི་འཁྲབ་གཞུང་གི་ད་ལྟའི་སྲོལ་རྒྱུན་དང་མཉམ་འདྲེས་ཐུབ་པ་ནི་བོད་ཀྱི་རིག་གནས་ལ་གོ་བ་གཏིང་ཟབ་ལེན་པ་དང་དད་ཞེན་ཆེ་བ་ལས་བྱུང་བ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། ལྷ་མོའི་དེང་རབས་ཟློས་གར་གྱི་གསར་རྩོམ་ལ་གྲུབ་འབྲས་མི་དམན་པ་ཐོབ་སྟེ་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་གང་ལེགས་མཚོན་པ་དང་དུས་མཚུངས་གསར་རྩོམ་གྱི་ལག་ལེན་དེ་དག་བརྒྱུད་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་སྲོལ་རྒྱུན་བརྟན་སྲུང་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་ཚོགས་པའི་འཕེལ་རྒྱས་ལམ་བུ་དང་གསར་རྩོམ་གྱི་ཉམས་འགྱུར་ཞིག་ཆགས་ཡོད། ལག་ལེན་ཁྲོད་ནས་བྱུང་བའི་གསར་རྩོམ་གྱི་ཉམས་མྱོང་དེ་དག་གིས་ལྷ་མོར་དེང་རབས་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་བྱུང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཟློས་གར་རྒྱུན་འཛིན་འཕེལ་རྒྱས་དང་། མི་རིགས་རིག་གནས་ཐོན་ཁུངས་གཞན་སྒྱུར་དང་གསར་གཏོད་ལ་བསམ་གཞིག་བྱ་གཞི་ཞིག་ཀྱང་བཏོན་ཡོད། འཚོལ་ཞིབ་དང་བསམ་གཞིག་དེ་དག་ཡོད་པས་དུས་རབས་གསར་པར་གནའ་བོའི་སྒྱུ་རྩལ་གྱི་བཀྲག་མདངས་འཚེར་བཞིན་ཡོད། རྩོམ་པ་པོ། སུན་ཧུང་ཞ།