དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལོ་རྒྱུས་རིང་བའི་སྲོལ་རྒྱུན་ལུས་རྩལ་མཆོང་རྒྱུག་འཕེན་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆུང་བདག   |     སྤེལ་དུས།  2024-04-13

    བོད་རིགས་མང་ཚོགས་ནི་ལས་ལ་བརྩོན་ཞིང་རྣམ་རིག་བཀྲ་ལ་སྐྱེས་པ་རྣམས་ཕོ་རྩལ་སྣ་དགུས་ཕྱུག་པ་དང་བུད་མེད་རྣམས་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པས། འཛམ་གླིང་མིའི་རིགས་ལ་ཤེས་དཔལ་གྱི་གྲུབ་འབྲས་རབ་དང་རིམ་པ་བཏོད་ཡོད། དེས་ན་ཤེས་རིག་དཔལ་ཡོན་གྱི་ཆ་ཤས་སུ་གྱུར་བའི་རྩལ་རྩེད་ཀྱི་རྣམ་གྲངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

    མཆོང་རྒྱུག་འཕེན་གསུམ་དང་རྟ་རྒྱུག་མདའ་འཕེན་སོགས་ཀྱི་ལུས་རྩལ་རྣམ་གྲངས་ནི་བོད་བཙན་པོའི་དུས་ནས་དར་བ་ཞིག་ཡིན་པས། ད་བར་མི་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ལྷག་དོན་དུ་2019ལོའི་ཟླ་6ཚེས་18ཉིན་བོད་ཀྱིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་སྲིད་གཞུང་གིས་ཡོངས་གྲགས་སུ་གཉེར་ནས་ལོ་60སོང་བའི་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཐོག་མར་བཙུགས་པ་དེ་ནི་ལྗོངས་རིམ་པའི་མཐུན་ཚོགས་ཨང་གཉིས་པ་དེ་ཡིན་པ་དང་། མཐུན་ཚོགས་དེ་བཙུགས་པས་བོད་དུ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་སྤྱི་ཚོགས་རྩ་འཛུགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

    མཆོང་པའི་རྣམ་གྲངས་ནང་དེ་སྔ་འཕུར་མཆོང་དང་། བསྐོར་མཆོང་། འདྲིལ་མཆོང་ཟེར་བ་སོགས་རྣམ་གྲངས་མང་པོ་ཡོད་རུང་དེང་དུས་མཐོ་མཆོང་དང་རྒྱང་མཆོང་གཉིས་གཙོ་བོར་བྱེད་པ་དང་། མཐོ་མཆོང་ནི་མཐོ་ཚད་མིག་གི་ཁ་ཐུག་ཙམ་སླེབས་པའི་དབྱུག་པ་སོགས་འཕྲེད་དུ་བཞག་པའི་ཐོག་མ་རེག་པ་བྱས་ཏེ་མཆོང་དགོས་ལ། མཐོ་ཚད་ཇི་ལྟར་མཆོང་ཐུབ་མིན་དེ་དབྱུག་པ་སོགས་གང་ལས་བརྒལ་རྒྱུའི་དངོས་པོ་དེ་སྤོར་གཅོག་བྱེད་བཞིན་དུ་ཚད་ལེན་རྒྱུ་དེ་ཡིན། རྒྱུག་པ་ནི་རྒྱང་རིང་དུ་རྒྱུག་ཤར་གློད་རྒྱུ་དེ་ཡིན་ཞིང་། དེ་ཡང་ལམ་ཐག་རིང་བ་དང་། འབྲིང་བ། ཐུང་བ། འདུར་བགྲོད་སོགས་མང་པོ་ཡོད་པ་དང་། དེང་དུས་ཚོགས་ཆུང་བགོས་ནས་དངོས་པོ་སྤྲོད་ལེན་གྱི་མཐུད་རྒྱུག་གི་ལུས་རྩལ་ཡང་དར་ཡོད། མདོར་ན་མྱུར་ཚད་དང་སྙུགས་ཤེད་གཉིས་ཀ་ཚུད་པའི་ལུས་རྩལ་དེ་དག་ལ་ས་མཐོའི་མི་ཕལ་མོ་ཆེས་དགའ་པོ་བྱེད་ཀྱི་ཡོད། འཕེན་པ་ནི་གཙོ་བོ་རྒྱང་དུ་རྡོ་དང་དབྱུག་མདུང་སོགས་དངོས་པོ་འཕེན་རྒྱུ་དེ་ཡིན་ཞིང་། དེར་རྒྱང་རིང་ཐུང་གི་འགྲན་བསྡུར་བྱེད་ཆོག་ལ། སྒོར་ཐིག་འཐེན་པ་དང་ཀོང་དོང་འདྲུ་བ་སོགས་བྱས་ནས་ལྡིར་ཁ་ཟིར་ལོས་ཀྱི་འགྲན་བསྡུར་ཡང་བྱེད་ཆོག་གི་ཡོད། དེར་ཡང་འཕེན་ལུགས་ཐད་རྐང་རྡོ་དང་། རྒྱབ་རྡོ། འདྲིལ་རྡོ་སོགས་དང་དེ་བས་རྡོ་རྒྱང་རིང་དུ་འཕེན་པའི་ཐབས་རྩལ་གཙོ་བོ་ཞིག་ནི་འུར་རྡོར་བརྟེན་ནས་རྡོ་རྒྱང་རིང་དུ་འཕེན་ཐབས་བྱེད་པ་དེ་ཡིན་ཞིང་། དེ་ཡང་འུར་མཐིལ་དུ་ལྗིད་ཚད་ངེས་ཅན་ཡོད་པའི་རྡོ་རིལ་བླུགས་ནས་ཀླད་ལ་ཁ་ཤས་བསྐོར་ཏེ་ཤུགས་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས་འུར་ལྕེ་ཡོད་པའི་ཕྱོགས་དེ་གློད་ན་རྡོ་རིལ་རྒྱང་རིང་དུ་འཕེན་ཐུབ་པ་མ་ཟད། ཤུགས་ཚད་ཀྱང་ཆེན་པོ་ཡོད་པས་རྡོ་འཕེན་ཡུལ་ལ་རྨས་སྐྱོན་ཆེན་པོ་གཏོང་ཐུབ་ཀྱི་ཡོད་ལ། གནད་ཆེ་སར་ཕོག་ན་སྲོག་ལའང་རྒོལ་ཐུབ་པའི་ནུས་པ་ལྡན་ཡོད། སྤྱིར་འུར་རྡོ་ནི་དགྲ་ལ་འཐབ་པའི་ལག་ཆ་ཡང་ཡིན་པས་དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་སུའང་དྲངས་ཀྱི་ཡོད། དེ་སྔ་དབྱིན་ཇི་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་དམག་འཐབ་ནང་འུར་རྡོ་སྤྱོད་པའི་གཏམ་རྒྱུད་འཁོད་ཡོད། ད་དུང་རྡོ་འཕེན་ཐབས་གཞན་ཞིག་ཡོད་པ་ནི་རྡོ་འགྱོགས་འཕེན་པ་དེ་ཡིན། དེ་ནི་འཕར་ཤུགས་ལྡན་པའི་དམིགས་བསལ་དངོས་པོའི་ཐོག་རྡོ་ཕ་བོང་བཞག་ནས་འཕེན་ན་ཤུགས་ཚད་ཆེ་ལ་རྒྱང་རིང་དུ་འཕེན་ཐུབ་པས། དམག་མི་ཁྲི་སྟོང་མང་པོ་རྩ་བརླག་གཏོང་ཐུབ་པ་མ་ཟད། རྡོ་ཟེར་གྱིས་ཀྱང་མི་རྟ་ཧ་ཅང་མང་པོ་གསོད་ཐུབ་པ་བཤད་ཡོད། དེ་ནི་གནའ་བོའི་དམག་འཐབ་ལོ་རྒྱུས་གྱི་ཟུར་ཚད་གང་ས་ནས་མངོན་ཐུབ་ཅིང་། དེའི་ཐད་བོད་ས་མཐོའི་ངོས་ནས་བཤད་ན་གླིང་སྒྲུང་ནང་མང་ཤོས་འཁོད་ཡོད། དེ་ཡང་གླིང་དཔའ་རྟུལ་ཁྲོད་ནས་ཁྲོ་ཐུང་རྒྱལ་པོ་དང་འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གཉིས་འགྱོགས་ལ་རང་དབང་ཐོབ་པའི་དཔའ་རྟུལ་ཡིན་པས། ཕ་རོལ་ཐལ་བར་བརླགས་པའི་དཔའ་བོའི་མཛད་རྗེས་གང་སར་མངོན་རྒྱུ་ཡོད། དེ་མིན་གནའ་བོའི་དམག་འཐབ་ནང་རྦབ་རྡོ་འགྲིལ་ནས་ཕ་རོལ་རྩ་མེད་བཟོས་པའི་ལོ་རྒྱུས་ཀྱང་མང་པོ་འཁོད་ཡོད་ཅིང་། རྦབ་རྡོ་འགྲིལ་བར་ཡང་ཐབས་ཇུས་མཁས་མིན་གྱིས་གཞན་ཕྱོགས་ཕམ་ཉེས་བཟོ་ཚད་ཐད་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་རེད།

    མཆོང་རྒྱུག་འཕེན་གསུམ་སོགས་ལུས་རྩལ་རྣམ་གྲངས་མང་པོ་ཞིག་རྩལ་རྩེད་ལ་དགའ་བའི་བོད་མིའི་སྲོལ་རྒྱུན་ལུས་རྩལ་ཞིག་ཡིན་པ་ནི། བོད་བཙན་པོའི་དུས་སུ་བཞེངས་པའི་རྩེ་ཕོ་བྲང་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་ཀྱི་ལྡེབས་རིས་ལས་ཤེས་ཐུབ། དེ་ལྟར་བོད་གནའ་རབས་ནས་བཟུང་ལུས་ངག་ཡིད་གསུམ་གྱི་རྩལ་ལ་མཐོང་ཆེན་པོ་བྱེད་པས་བཙན་པོའི་དུས་ཀྱི་རྩལ་པོ་ཆེ་མི་བདུན་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།