དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རྒན་མོ་བློ་བཟང་གིས་བོད་གསར་རྙིང་གི་འཚོ་བ་བསྡུར་ནས་གླེང་བ།

    “ད་ཆ་ནི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་རབས་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

    ལོ་འགའ་ཤས་གོང་། གཞིས་རྩེ་གྲོང་ཁུལ་དུ་སྡོད་པའི་རྒན་མོ་བློ་བཟང་གི་ཁ་ནང་དུ་ཤ་འཛེར་སྐྱེས་ནས་ཁ་ལག་ཀྱང་ཟ་དཀའ་བར་གྱུར། བུ་ཕྲུག་ཚོས་རྒན་མོ་ཁྲིད་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བརྟག་དཔྱད་རབ་དང་རིམ་པ་བྱས་རྗེས་གཤགས་བཅོས་བྱས་ནས་ད་ཆ་དྲག་སྐྱེད་བྱུང་ཡོད། “བོད་རྙིང་པར་སྨན་བཅོས་བྱེད་ས་མེད་པས་ནད་གཞི་ཕོག་ན་སྡུག་རུས་བྱེད་རྒྱུ་ལས་ཐབས་གཞན་མེད”ཅེས་ལོ་78ལ་སླེབས་པའི་རྒན་མོ་བློ་བཟང་གིས་བཤད།

    རྒན་མོ་བློ་བཟང་དེ་སྔ་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་དུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ད་ཆ་བུ་མོ་དང་མཉམ་དུ་གཞིས་རྩེ་གྲོང་ཁུལ་དུ་སྤོས་ཡོད། དང་པོ་ཐུག་སྐབས་རྒན་མོ་ཁོང་ནི་བློ་རིག་གསལ་ཞིང་སྒབ་ཟོར་ཡང་བ་དང་བདེ་ལྕག་འཁྱུག་པོ་ཞིག་འདུག ཁོང་གིས་གསར་འགོད་པ་རང་ཁྱིམ་དུ་ལྟ་སྐོར་བྱེད་པར་འཁྲིད།

    བོད་རྙིང་པའི་སྐོར་གླེང་སྐབས། རྒན་མོ་བློ་བཟང་གིས་སྔར་སོང་ལོ་ཟླར་ཕྱིར་དྲན་བྱེད་བཞིན“སྤྱི་ཚོགས་རྙིང་པར་ང་ཚོ་ཚང་མ་སྲམ་པ་གཞིས་ཀའི་བྲན་གཡོག་ཡིན་པས། ནང་མི་ཚང་མ་གཞིས་ཀར་འུ་ལག་རྒྱུག་པར་འགྲོ་དགོས་པ་དང་ཡག་པོ་མ་བྱུང་ན་ཉེས་རྡུང་ཕོག་གི་ཡོད། ཉིན་གང་དཀའ་ལས་བརྒྱབ་རུང་ནང་མི་ཚང་མར་རྩམ་པ་གྲོད་པ་རྒྱགས་ཙམ་ལས་རག་གི་མེད”ཅེས་གསར་འགོད་པར་བཤད།

    “ལོ་རབས་དེའི་སྐབས་ཀྱི་མི་སེར་ནི་དུད་འགྲོའི་མཐོང་ལས་མེད་ཁར། ཁྲལ་ལྕི་པོ་སྐྱེལ་དགོས་པས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་གནས་ཚུལ་འོག་ཚེ་རིང་པོ་ཡོང་སྲིད་དམ། ད་ཆ་ནད་བརྟག་སྨན་བཅོས་བྱེད་སའི་སྨན་ཁང་ཡོད་ལ་འགྲོ་གྲོན་མང་ཆེ་བ་རྩིས་ཞུ་ཐུབ་པ་དང་། ནད་ཆུང་རང་ས་རང་ཡུལ་ནས་སྨན་བཅོས་བྱེད་ཐུབ”ཅེས་རྒན་མོ་བློ་བཟང་གིས་མྱོང་བ་ཟབ་མོས་བཤད།

    “བོད་རྙིང་པར། ཕྲུ་གུ་བཙའ་བ་ནི་འཇིགས་སྣང་སྐྱེ་བའི་བྱ་བ་ཞིག་རེད། ཕྲུ་གུ་དམར་འབྱར་བཙས་མ་ཐག་ནད་ཀྱིས་ཤི་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། 2019ལོར་ངའི་བུ་མོ་ཆུང་བར་མངལ་འཁོར་དུས་ཟུངས་ཁྲག་ཉམས་ནས་སྨན་བཅོས་ཐེངས་མང་བྱས་པ་བརྒྱུད་ཕྲུ་གུ་བདེ་བླག་ངང་སྐྱེ་ཐུབ་སོང་། ད་ཆ་བུ་འདི་གཟུགས་པོ་ཧ་ཅང་ཐང་པོ་ཡོད”ཅེས་རྒན་མོ་བློ་བཟང་གིས་ཚ་བོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་བྱམས་བརྩེ་ཆེན་པོས་བཤད།

    རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཤང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་འཆི་ཚད་ཁྲི་45.8/10བར་ཆག་པ་དང་ཕྲུ་གུ་དམར་འབྱར་འཆི་ཚད་7‰བར་ཆག་པ་ཚང་མ་ལོ་རྒྱུས་ཀྱི་དམའ་ཤོས་ཡིན་པ་རེད།

    ལོ་65ཡི་རིང་། ལྟོ་གོས་འཕྱིད་ཙམ་ནས་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པ་དང་དེ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་རྒན་མོ་བློ་བཟང་གི་ནང་མི་རྣམས་ནི་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་བྱུང་བའི་ཁྲོད་ཀྱི་དཔང་པོ་དང་མིག་མཐོང་ལག་ཟིན་མཁན་ཞིག་རེད།

    2005ལོར། ཏང་གི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག རྒན་མོ་བློ་བཟང་གི་ཁང་པ་རྙིང་པ་བཤིག་ནས་མཐོང་རྒྱ་དེ་བས་ཡངས་བ་དང་འགྲིམ་འགྲུལ་དེ་བས་སྟབས་བདེ་བའི་ས་ཆར་སྨི་ངོས་གྲུ་400ཟིན་པའི་སྒོ་ར་རང་འགྲིག་མའི་ཁང་པ་ཞིག་བརྒྱབ་པ་རེད། ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཇེ་མང་སོང་བ་དང་བསྟུན་ནས། ཁོང་ཁྱིམ་ལ་བསྐྱར་སྐྲུན་དང་རྒྱས་སྐྲུན་ཐེངས་ཁ་ཤས་བྱས་པ་རེད། ད་ཆ་གཙང་སྦྲ་དོད་ཅིང་གྲལ་འགྲིག་པའི་སྒོ་རར་རླངས་འཁོར་ཆེ་ཆུང་མི་འདྲ་བ་གྲལ་སྟར་འགྲིག་ནས་བཞག་པ་དང་། ཁང་པའི་ནང་དུ་སྔོ་ལྗང་རྩི་ཤིང་སྣ་ཚོགས་བསྒྲིགས་པ། ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། གོས་འཁྲུ་འཕྲུལ་ཆས། འཁྱགས་སྒམ་སོགས་ཀྱི་ཁྱིམ་ཆས་གང་དགོས་ཅི་འཛོམས་ཡོད་པ་རེད།

    “ངེད་ཁྱིམ་ལ་ནང་མི་8ཡོད་ཅིང་། ངའི་བུ་ཚའི་ཁྲོད་དུ་དམག་དཔུང་ལ་ཞུགས་ནས་རྒྱལ་ཁབ་སྲུང་མཁན་གྱི་དམག་མི་ཡོད་ལ། དཔེ་ཁྲིད་མི་སྐྱོང་བྱེད་མཁན་གྱི་མི་དམངས་དགེ་རྒན་ཡོད་པ་མ་ཟད། འགྲོ་སྐྱོད་ལ་གཡས་གཞོགས་གཡོན་འདེགས་བྱེད་མཁན་གྱི་འགྲིམ་འགྲུལ་ལས་དོན་པའང་ཡོད། བུ་ཚ་རྣམས་ལ་འཇོན་ཐང་འདི་འདྲ་ལྡན་པ་མཐོང་སྐབས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག དེང་སྐབས་ནི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་རབས་ཤིག་རེད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོར་ལས་ལ་བརྩོན་པའི་ལག་ཟུང་ཡོད་ཕྱིན་སོ་སོར་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད”ཅེས་རྒན་མོ་བློ་བཟང་གིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།