དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གཞུང་ཡིག་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཡིག་སྒྱུར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་དབར་སྐད་དང་རིག་གནས་སྤེལ་རེས་བྱ་རྒྱུ་དེ་ཡིན་པས། ཡིག་སྒྱུར་གྱི་གསེར་ཟམ་ལྟ་བུའི་དམིགས་བསལ་གྱི་འབྲེལ་བ་དེས་མི་རིགས་སོ་སོའི་བར་གྱི་སེམས་ཁམས་དང་རིག་གནས་ཀྱི་ལས་བཀག་རྒྱ་གྲོལ་ཞིང་རིག་གནས་དང་བསམ་བློ་ཕན་ཚུན་བརྗེ་རེས་ལ་མཐུན་རྐྱེན་བསྐྲུན་དང་སྐྲུན་བཞིན་ཡོད། གཞུང་ཡིག་ཡིག་སྒྱུར་ནི་ང་ཚོའི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཟབ་ལ། མི་རྣམས་ལ་སྤྱི་བསྒྲགས་དང་། བསྒྲགས་གཏམ། གསལ་བསྒྲགས། སྲོལ་ཡིག བརྡ་ཁྱབ། བཅའ་ཁྲིམས་སོགས་ཀྱི་ཡིག་ཆ་སྐད་རིགས་གཞན་ཞིག་ནས་རང་རེའི་སྐད་ལ་གོ་བདེར་ཕབ་པ་ཞིག་རེད།

    དང་པོ། གཞུང་ཡིག་ཡིག་སྒྱུར་གྱི་དམིགས་ཡུལ།

    གཞུང་ཡིག་ཡིག་སྒྱུར་ནི་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་གསེར་ཟམ་ལྟ་བུ་ཞིག་ཡིན་ལ་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་རིག་གནས། དེ་བཞིན་ཚན་རིག་དྲིལ་བསྒྲགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་དེས་ཏང་གི་མཛད་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་དང་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་རིག་གནས། ཚན་རྩལ་སོགས་ཀྱི་བྱང་ཚད་མཐོར་འདེགས། དཔལ་འབྱོར་འཕེལ་རྒྱས་དང་ཡང་སྒོས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་གལ་ཆེའི་ནུས་པ་ཐོན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྲིམས་དང་སྲིད་ཇུས། སྒྲིག་སྲོལ། གཏན་འབེབས་སོགས་ཀྱི་ནང་དོན་དང་དགོས་པ། དམིགས་ཡུལ་བཅས་ཇི་ལྟར་ཡིན་པ་དེ་ལྟར་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་རང་སྐད་ཀྱི་རྣམ་པར་བསྒྱུར་ནས་མ་ཡིག་བལྟ་ཀློག་མི་ཐུབ་པ་དང་བལྟ་ཀློག་གི་ཆུ་ཚད་ཞན་པའི་ཀློག་པ་པོར་ངོ་སྤྲོད་བྱས་ཏེ་མ་ཡིག་གི་དགོངས་དོན་ཇི་མ་ཇི་བཞིན་དུ་རྟོགས་པར་རམ་འདེགས་བྱེད་པ་ཞིག་ཡིན་ལ། འགྱུར་སྤུས་ལེགས་པའི་གཞུང་ཡིག་བཀླགས་ཚེ། མ་ཡིག་དངོས་ལ་བལྟས་པ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་པའོ། ལོ་ཙཱ་བ་ཚོས་ངེས་པར་དུ་ཡིག་སྒྱུར་ལས་དོན་གྱི་བརྒྱུད་རིམ་ནང་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་ནོར་བ་འཁྲུལ་བ་མེད་པར་ཞིང་འབྲོག་ཁུལ་དུ་བརྒྱུད་བསྒྲགས་བྱེད་པ་ལས་གང་བྱུང་དུ་འཕྲི་སྣོན་སོགས་བྱེད་མི་རུང་། རྒྱུན་དུ་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་བུ་ཡིག་ཏུ་ཕབ་དགོས་པ་དཔེར་ན། མ་ཡིག“安居才能乐业、环境展现生活”ལྟ་བུ་བུ་ཡིག་ཏུ་བདེ་སྡོད་བྱུང་ན་ལས་བརྩོན་ཐུབ་པ་དང་། ཁོར་ཡུག་ལས་འཚོ་བ་མངོན་ཐུབ་ཅེས་ཕབ་སྒྱུར་བྱེད་པ་དང་། ཡང་མ་ཡིག“按时足额发放”ལྟ་བུ་བུ་ཡིག་ཏུ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་པ་ཞེས་ཕབ་སྒྱུར་བྱེད་པ་སོགས་ནི་མ་ཡིག་གི་ནང་དོན་སྲུང་བརྩི་ཐུབ་ཡོད་ལ་རང་མི་རིགས་ཀྱི་སྐད་ཀྱི་འགྲོས་དང་མཐུན་པས་ཀློག་པ་པོས་བལྟ་ཀློག་བྱས་པ་ཙམ་གྱིས་དོན་གསལ་པོར་རྟོགས་ཐུབ།

    ང་ཚོས་གཞུང་ཡིག་ཡིག་སྒྱུར་བྱེད་སྐབས་རང་ལས་མཁས་པ་དང་རང་དང་མཉམ་པའི་ཀློག་པ་པོ་རྣམས་ཀྱི་བལྟ་ཀློག་ཁོ་ནར་དམིགས་པ་ཙམ་མ་ཡིན་པར་། དེ་ལས་གལ་ཆེ་བ་ནི་མ་ཡིག་ཀློག་མི་ཐུབ་པ་དང་མ་ཡིག་ཀློག་པའི་ཆུ་ཚད་ཞན་པའི་ཀློག་པ་པོ་རྣམས་ཀྱིས་རང་སྐད་ནས་མ་ཡིག་གི་ནང་དོན་རྣམས་མེ་ལོང་དུ་གསལ་བ་ལྟར་བཀླགས་ཐུབ་པར་བྱེད་པ་ནི་ཡི་གེ་སྒྱུར་བའི་དམིགས་ཡུལ་དམ་པ་དེ་ཡིན་པར་སྙམ།

    གཉིས་པ། གཞུང་ཡིག་ཡིག་སྒྱུར་གྱི་ནུས་པ།

    ཡིག་སྒྱུར་ནི་མི་རིགས་གཉིས་དབར་རིག་གནས་བརྗེ་རེས་བྱེད་པའི་གལ་ཆེའི་ཐབས་ཤེས་ཤིག་ཡིན། ཡིག་སྒྱུར་གྱི་ལྟ་བ་གསར་པ་དང་ཐ་སྙད་གསར་པ་ནི་རང་མི་རིགས་ཀྱི་རིག་གནས་སྤྱི་ལ་དུས་རབས་དང་འཚམས་པའི་གསོན་ཤུགས་གསར་པ་ཞིག་བསྣན་པའི་ཡིན། དེར་བརྟེན་ཡིག་སྒྱུར་གྱི་ནུས་པའི་ཐད་སྐུ་ཞབས་ཅི་ཤན་ལིན་གྱིས་གནད་ལ་འཁེལ་བའི་ཆོད་གཏམ་མཛད་ཡོད་དེ“ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་དེ་རྒྱུན་མི་ཆད་པའི་ཆུ་བོ་རིང་མོ་ཞིག་དང་འདྲ་བར་ནམ་ཡང་བྲི་བར་མི་བྱེད། དེ་ཚང་མ་ཡིག་སྒྱུར་ལ་བརྟེན་ནས་བྱུང་བ་ཡིན”ཞེས་གསུངས་ཡོད་པ་དོན་ལ་གནས་པའི་ལེཌ་བཤད་ཉིད་དུ་འཁུམས། གཞུང་ཡིག་ཡིག་སྒྱུར་དེས་མིའི་རིགས་ཀྱི་ཤེས་དཔལ་བརྒྱུད་བསྒྲགས་བྱེད་པའི་ལམ་ཁྲིད་པ་དང་དེང་རབས་ཚན་རིག་ལག་རྩལ་གྱི་ཞུ་རྣ་ལྟ་བུའི་ནུས་པ་ཐོན་གྱི་ཡོད། གལ་ཏེ་ཡིག་སྒྱུར་གྱི་བྱ་གཞག་རླབས་པོ་ཆེ་འདིར་སྣང་ཆེན་མི་བྱེད་པར་རང་མི་རིཌ་ཁོ་ནའི་རིག་གནས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བསྙེགས་བྱེད་པའམ་སྔོན་ཐོན་གྱི་མི་རིགས་དང་རྒྱལ་ཁབ་གཞན་གྱི་རྗེས་སུ་བསྙེག་རྩིས་བྱེད་པ་ནི་ཕྱོགས་ལྷུང་གི་ལྟ་བ་ཞིག་ཡིན།

    གཞུང་ཡིག་ཡིག་སྒྱུར་ནི་ཡིག་སྒྱུར་བྱ་བའི་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་ལས་དོན་དེས་ཏང་དང་ཞིང་འབྲོག་མང་ཚོགས་དབར་ལ་འབྲེལ་ཟམ་ལྟ་བུའི་ནུས་པ་ཐོན་གྱི་ཡོད་པས་གཞི་རིམ་དུ་གཞུང་ཡིག་ཡིག་སྒྱུར་ལས་དོན་ཡག་པོ་སྤེལ་རྒྱུ་དེ་ནི་དེ་བས་དགོས་གལ་ཆེ་བར་མངོན། གང་ལགས་ཤེ་ན། གཞི་རིམ་གྱི་ལས་དོན་མཐའ་དག་ཐད་ཀར་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཡོད་པས་གཞུང་ཡིག་ཡིག་སྒྱུར་ལས་དོན་ཡག་པོ་བསྒྲུབས་ན་ཏང་གི་འབྲེལ་ཡོད་ལམ་ཕྱོགས་དང་མཛད་ཕྱོགས། སྲིད་ཇུས་ཁག དེ་བཞིན་ལས་དོན་ཁག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་ཐུབ་ནས་མང་ཚོགས་ལ་ཞབས་འདེགས་གང་ལེགས་ཞུ་ཐུབ་པ་སྨོས་མི་དགོས། རང་རྒྱལ་ལྟ་བུར་ཆ་མཚོན་ནས་བཤད་ན་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་ཡིག་སྒྱུར་གྱི་དགོས་མཁོ་ནི་ཤིན་ཏུ་ཆེན་པོ་ཡིན། གལ་ཏེ་ཡིག་སྒྱུར་ལ་དོ་སྣང་མ་བྱས་ཚེ། གྲངས་ཉུང་མི་རིགས་ས་ཁུལ་དུ་ཀྲུང་དབྱང་གི་སྲིད་ཇུས་དང་གཏན་འབེབས་ཁག་དོན་འཁྱོལ་ཡོང་དཀའ་བ་དང་ཡོང་འགོར་བ་ཞིག་ཡིན་ལ། སྤྱི་ཚོཌ་ཧྲིལ་པོའི་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་བརྗེ་རེས་སོགས་ལ་འགོག་རྐྱེན་ཕྲན་བུ་བཟོ་ངེས་ཡིན། དཔེར་ན།“维护祖国统一”ཞེས་པ་འགྱུར་ཡིག་ཏུ་མེས་རྒྱལ་གོང་བུ་གཅིག་འགྱུར་ཡོང་བར་སྲུང་བརྩི་ཞུ་དགོས་ཞེས་བསྒྱུར་བར་ཆ་མཚོན་ན་བལྟ་ཀློག་གི་ཆུ་ཚད་ཞན་པའི་ཀློག་པ་པོ་ཞིག་གི་ངོས་ནས་བཤད་ན་ཡིག་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་ནང་དོན་དངོས་དེ་མ་ཉིད་དུ་རྟོཌ་ཐུབ་པས་དེ་དང་དེ་འདྲ་བའི་གཞུང་ཡིག་ཡིག་སྒྱུར་གྱི་བླང་བྱ་དང་རེ་བ་བརྩི་སྲུང་དང་ལག་བསྟར་བྱས་ན་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལ་ནུས་པ་རླབས་པོ་ཆེ་ཐོན་ཐུབ།

    གཞུང་ཡིག་ཡིག་སྒྱུར་གྱིས་དུས་རབས་དང་འཚམས་པའི་སྐད་ཆ་གསར་གཏོད་བྱེད་ཐུབ་ལ་མིའི་རིགས་ཀྱི་རིག་གནས་གྲ་རྒྱས་སུ་གཏོང་ཐུབ་པ་ཙམ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཆར་པ་ཆུ་གྲོགས་ཀྱི་ནུས་པ་ཐོན་གྱི་ཡོད།

    གསུམ་པ། གཞུང་ཡིག་ཡིག་སྒྱུར་གྱི་བླང་བྱ།

    འདིར་བརྗོད་པའི་ཡིག་སྒྱུར་གྱི་བླང་བྱ་ཞེས་པ་དེ་ནི་ཡི་གེ་སྒྱུར་བའི་བྱ་རིམ་ཁྲོད་ལོ་ཙཱ་བར་ཚང་དགོས་པའི་བླང་བྱའམ་རེ་འདུན་དེ་ལ་བརྗོད་པ་ཡིན། དེ་ཡང་ལོ་ཙཱ་བ་ཞིག་ཡིན་ཕྱིན་ཐོག་མར་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ཀྱི་རྨང་གཞི་བརྟན་པོ་དགོས་པ་མ་ཟད། སྐད་རིགས་གཉིས་ཀྱི་རྩོམ་འབྲིའི་ནུས་པ་དེའང་སྨྱུག་རྩེ་གང་འདོད་དུ་གཅུན་ཐུབ་པའི་ཆུ་ཚད་ལ་སླེབས་ཐུབ་པ་བྱ་དགོས་ལ་མི་རིགས་གཉིས་ཀྱི་རིག་གནས་དང་ལོ་རྒྱུས། ཆབ་སྲིད། བསམ་བློའི་འཁྱེར་སོ། ཡུལ་གོམས་གཤིས་ལུགས་བཅས་ལའང་རྒྱུས་མངའ་ངེས་ཅན་ཞིག་ཡོད་དགོས་པ་ནི་ཚང་དགོས་པའི་མ་མཐའི་བླང་བྱ་ཞིག་ཡིན། སྔོན་འགྲོའི་ཆ་རྐྱེན་རྣམས་ཡོངས་སུ་ཚང་བའི་རྨང་གཞིའི་ཐོག་བརྗོད་བྱའི་ཐད་སླ་བཅོས་དང་ཕྱོགས་རིས་ཀྱི་བསམ་པ་སྤངས་ཏེ་བསྒྱུར་བྱའི་ནང་དོན་རྣམས་སྒྱུར་བྱེད་སྐད་དུ་ཇི་བཞིན་དུ་སྒྱུར་དགོས་པ་ལས་མ་ཡིག་གི་བརྗོད་བྱ་གང་འདོད་དུ་དོར་བའམ་ཁ་གསབ་བྱེད་པ་དང་དོན་ལ་མ་གནས་པར་ལོག་པར་སྒྱུར་པའམ་འཁྱོག་པོར་སོང་བ་སོགས་བྱ་མི་རུང་། བརྗོད་བྱེད་ཀྱི་ཐད་རང་མི་རིགས་ཀྱི་མི་མང་ཆེ་བས་གོ་ཐུབ་པའི་སྐད་བརྡ་སྤྱོད་དགོས་པ་ལས་ཡུལ་ལུང་བྱེད་བྲག་པའི་སྐད་བརྡ་སྤྱོད་ཐལ་ཆེ་ན་སྲིད་ཇུས་དྲིལ་བསྒྲགས་ནུས་པ་ཉམས་ཞན་དུ་འགྲོ་བ་གོར་མ་ཆག

    མདོར་ན། མ་རྩོམ་གང་གི་བརྗོད་བྱའི་སྙིང་པོ་དང་རྩོམ་ཉམས་ལ་སོགས་པ་ཇི་བཞིན་སོར་འཇོག་བྱས་པའི་རྨང་གཞིའི་སྟེང་ཚིག་སྦྱོར་འགོད་སྟངས་ཐད་གསར་རྩོམ་ཐེངས་གཉིས་པ་བྱས་ཀྱང་རུང་། གཞུང་ཡིག་ལོ་ཙཱ་བ་སུ་འདྲ་ཞིག་ཡིན་རུང་། ཚང་དགོས་པའི་བླང་བྱ་དེ་རྣམས་གཅིག་མཐུན་ཡིན། དེར་བརྟེན་ལོ་ཙཱ་བ་རྣམ་ཀུན་ཡིག་སྒྱུར་བྱེད་པའི་ཁྲོད་བླང་བྱ་དེ་རྣམས་ཁ་ཕྱོགས་ཤིག་ཏུ་བརྩིས་ནས་ལག་ལེན་དངོས་ཀྱི་སྦྱོང་བརྡར་གང་མང་བྱས་ཚེ་རང་ཉིད་ཀྱི་ཡིག་སྒྱུར་ཆུ་ཚད་ཡར་ངོའི་ཟླ་ལྟར་འཕེལ་རྒྱུ་ཡིན་ལ་སྤྱི་ཚོགས་ཧྲིལ་པོའི་བྱ་གཞག་ལ་ཕན་པ་རླབས་པོ་ཆེ་ཞིག་སྐྲུན་ཐུབ་པར་སྙམ།

    (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། དོན་ཚེ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།