དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྷོ་སྨོན།   |     སྤེལ་དུས།  2024-04-09

    མཛེས་པའི་ཡར་འབྲོག་གཡུ་མཚོའི་འགྲམ་ངོཌ་སུ། །

    སྐྱིད་པའི་ཡར་འབྲོག་སྒང་སྡེའི་ཕ་ཡུལ་ཆགས། །

    སྲིད་པའི་མཚོ་མོ་ཡུལ་གྱི་རྒྱན་ཆ་ཡིན། །

    སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར། །

    སྲིད་པའི་རི་བོ་གནོད་སྦྱིན་གང་བཟང་སོགས། །

    མཐའ་བཞི་གངས་ཀྱི་ར་བས་ཡོངས་སུ་བརྒྱན། །

    རྔམ་བརྗིད་ཡིད་དབང་འཕྲོག་པའི་ཕ་ཡུལ་མཛེས། །

    སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར། །

    སྣ་བརྒྱའི་མེ་ཏོག་གང་སར་བཞད་པ་ཡི། །

    རྩྭ་ཆུ་ཀུན་བཟང་བདེ་སྐྱིད་ཕ་ཡུལ་ཆགས། །

    སྲིད་པའི་སྤང་གཤོངས་རྐ་གླིང་བ་ཆོས་ཐང་། །

    སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར། །

    མི་རྣམས་མཐུན་ལ་ཡ་རབས་གོམས་སྲོལ་བཟང་། །

    རིག་དངོས་ཤུལ་བཞག་མང་པོ་འོད་བཞིན་འཚེར། །

    ཆོས་འཁོར་ལྷ་མོ་ཁ་རག་བྲོ་གར་སོགས། །

    སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར། །

    བརྩེ་བ་ལྷད་མེད་ཚེ་གང་གཏན་གྱི་གྲོགས། །

    སེམས་བཟང་ཡར་འབྲོག་བུ་མོའི་ཕ་ཡུལ་ཆགས། །

    ཡིད་འོང་ཡར་འབྲོག་སྒང་པའི་བུ་མོ་མཛེས། །

    སེམས་པ་འདི་ལ་ཆགས་ནས་ཡུན་རིང་འགོར། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།